བྱམས་བརྩེའི་ས་བོན་ཞེས་པའི་ཕྱག་དེབ་བོད་འགྱུར་མ་དབུ་འབྱེད་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱམས་བརྩེའི་ས་བོན་ཞེས་པའི་ཕྱག་དེབ་བརྒྱུད་བྱིས་པ་མང་པོར་ཐུག་འཕྲད་གནང་ཐུབ་པར་ཐུགས་མཉེན་པོ་བྱུང་སྐོར་གསུངས་འདུག དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད། ཇཻ་པུར་རྩོམ་རིག་དུས་སྟོན་དཔའ་ངར་ལྡན་པའི་འཛམ་གླིང་(JLF Brave New World)ཞེས་པ་དང་འབྲེལ། དབྱིན་ཡུལ་གྱི་རྩོམ་པ་པོ་དང་གསར་འགོད་པ་གྲགས་ཅན་སྐུ་ཞབས་པེ་ཁོ་ཨ་ཡར(Pico Iyer)ལགས་དང་མཉམ་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱིས་པའི་དཔེ་དེབ་སྙིང་རྗེའི་ས་བོན་ཞེས་པའི་སྐོར་ལ་བཀའ་མོལ་གནང་སྐབས།

བཀའ་མོལ་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་རང་སྐུ་ཁམས་གསལ་ཐང་ཡིན་པ་དང་། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་མང་ཚོགས་དང་མཇལ་འཕྲད་གནང་གི་མེད་པར་ལྷོད་བཞུགས་གནང་ཡོད་སྐོར་གསུངས་བ་དང་འབྲེལ།  སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་སྔོན་ཆད་ས་བདག་གྲལ་རིམ་སྤྱི་ཚོགས་ཀྱི་སྐབས་སུ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་འཐེན་འཁྱེར་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་ཀྱང་། འཛམ་གླིང་གི་དམག་ཆེན་སྔ་རྗེས་གཉིས་ཀྱི་མྱོང་བ་ལས་ད་ལྟའི་ཆར་ང་ཚོས་ཡུ་རོབ་སྤྱི་མཐུན་ལ་མིག་དཔེ་བལྟས་ཏེ། འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཁག་ཟུང་འབྲེལ་གནང་སྟེ་ཞི་བདེ་ལྡན་པའི་ཁོར་ཡུག་ཅིག་སྐྲུན་དགོས་གལ་ཆེ་སྐོར་གསུངས་སོང་།

ཡང་༧གོང་ས་མཆོག་གིས། རྒྱ་གར་ནང་དུ་རྡུལ་ཕྲན་གྱི་རྣམ་གཞག་དེ་ལོ་ངོ་ ༢༥༠༠ ཡར་སྔོན་ནས་ཡོད་ན་ཡང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་རྡུལ་ཕྲན་གྱི་རྣམ་གཞག་དེ་ལྟ་གྲུབ་གསར་པ་ཞིག་ཆགས་ཡོད་པ་དང་། ངོས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་ལྟ་གྲུབ་དང་སྙིང་རྗེ། འཚེ་མེད་ཞི་བར་ཉམས་ལེན་གནང་གི་ཡོད་སྟབས་རང་སྟོབས་ཀྱི་སྤོབས་པ་དང་ནང་སེམས་ཀྱི་སྟོབས་ཤུགས་དམིགས་བསལ་ཞིག་ཡོད་སྐོར་དང་། དེ་བཞིན་ང་ཚོ་འགྲོ་བ་མི་ཡོད་ཚད་ཤར་ལྷོ་ནུབ་བྱང་གི་ས་མཚམས་མེད་པར་ཁྱིམ་ཚང་གཅིག་གི་མི་ཡིན་སྟབས་ཚང་མས་གཅིག་གྱུར་གྱི་ཐོག་ནས་དཀའ་ངལ་གདོང་ལེན་དགོས་སོགས་གསུངས་སོང་།དེ་རིང་ཕྱི་དྲོར་བོད་ཀྱི་དཔེ་མཛོད་ཁང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྙིང་རྗེའི་ས་བོན་ཞེས་པའི་ཕྱག་དེབ་ཀྱི་བོད་འགྱུར་དཔེ་དེབ་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་མཆོག་གིས། དཔེ་དེབ་དེའི་ནང་དོན་སྙིང་པོ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆུང་དུས་ནས་རྒྱལ་ཡུམ་ཆེན་མོ་མཆོག་གི་བྱམས་བརྩེ་དང་སྙིང་རྗེ་ཡི་བདག་སྐྱོང་འོག་ནས་འཚར་ལོངས་བྱུང་བའི་ཉམས་མྱོང་གཞི་ལ་བཞག་ནས། བྱིས་པ་ཆུང་ཆུང་སྐབས་ནས་བྱམས་བརྩེ་དང་སྙིང་རྗེ་བསླབ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་དང་། ཐེངས་འདིར་བོད་འགྱུར་དཔེ་དེབ་ཀྱི་སྔོན་གླེང་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་རང་ནམ་རྒྱུན་འཛམ་གླིང་གི་ས་ཆ་འདྲ་མིན་ནང་ཕེབས་སྐབས། བྱིས་པ་ཚོར་ཐུག་འཕྲད་གནང་རྒྱུ་དགའ་བོ་ཞེ་དྲག་ཡོད་ན་ཡང་། ཐེངས་འདིར་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བྱིས་པ་ཚོར་དངོས་སུ་ཐུག་འཕྲད་མི་ཐུབ་ན་ཡང་། དེབ་འདི་བརྒྱུད་ནས་ཐུག་འཕྲད་གནང་ཐུབ་པར་དགའ་བོ་བྱུང་ཞེས་བཀའ་གནང་ཡོད་སྐོར་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྙིང་རྗེའི་ས་བོན་གྱི་དཔེ་དེབ་འདི་ནི་སྔར་ལོའི་ཕྱི་ཟླ་ ༩ ནང་། ཀོ་ཀི་ལཱ་བྱིས་པའི་དཔེ་སྐྲུན་ཁང་(Kokila)གིས་༧གོང་ས་མཆོག་སྐུ་ན་ཕྲ་བའི་དུས་ཀྱི་ལོ་རྒྱུས་གཞིར་བཟུང་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དངོས་སྒྲུང་དང་། ༧ཁོང་གིས་ནང་ཆོས་གསན་བསམ་མཛད་སྐབས་ཞི་བདེ་དང་བསམ་ཤེས། དེ་བཞིན་འཛམ་གླིང་སྔར་ལྷག་བྱམས་བརྩེ་དང་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་པའི་ཐབས་ལམ། དེ་བཞིན་༧གོང་ས་མཆོག་གི་གསུང་ཆོས་ཁག་གཞིར་བཞག་གིས་སྙིང་རྗེ་ཡི་ས་བོན་ཞེས་པ་རྩོམ་སྒྲིག་གནང་ཡོད་པ་དང་། དཔེ་སྐྲུན་ཁང་དེའི་འགན་འཛིན་གཞོན་པ་དང་ཕྱག་དེབ་པར་བསྐྲུན་གནང་མཁན་ལྕམ་ནམ་རཱ་ཐཱ་ (Namrata Tripathi) ལགས་ཀྱིས། ཕྱག་དེབ་འདི་ནི་༧གོང་ས་མཆོག་ནས་མི་རེ་རེའི་སྟེང་ན་འཛམ་གླིང་འདི་སྔར་ལྷག་བྱམས་བརྩེ་དང་ལྡན་པ་སྐྲུན་པའི་ནུས་པ་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་དེ་སྟོན་ཐབས་ཤིག་ཡིན་པ་དང་། དེ་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་མིན་པར། འཛམ་གླིང་འདིའི་ཐོག་ཁ་ཡོད་ལག་ཡོད་ཅིག་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༧

Leave a Reply