ཨ་ཉ་སེང་སྒྲར་ལོ་བདུན་གྱི་ཁྲིམས་ཆད་རང་སོར་བཞག་འདུག

བོད་ཡུལ་གྱི་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་སུ་མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཉིན་གྲངས་གཉིས་རིང་ཁྲིམས་བཤེར་བྱས་པ་བརྒྱུད་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་རང་སོར་འཇོག་པའི་ཐག་གཅོད་བྱས་ཡོད་འདུགབོད་ཁུལ་གྱི་ལྐོག་ཟ་རུལ་སུངས་ཐེར་འདོན་པ་དང་འབྲོག་མང་གི་འཚོ་གནས་ཐོབ་ཐང་རྩོད་ལེན་པ་ཨ་ཉ་སེང་སྒྲ་ལགས་སུ། ཕྱི་ཚེས་ ༡༦ དང་ ༡༧ གཉིས་སུ་མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གོང་གཏུག་ཁྲིམས་ར་ཚོགས་པ་བརྒྱུད། སྔར་ལོའི་ཕྱི་ཟླ་ ༡༢ ནང་དགའ་བདེ་རྫོང་ཁྲིམས་ཁང་ནས་བཅད་པའི་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཆད་རང་སོར་འཇོག་པའི་ཐག་གཅོད་བྱས་ཡོད་འདུག

ཁོང་གི་ཁྲིམས་རྩོད་པ་ལིན་ཆི་ལི་ལགས་ཀྱིས་སྒེར་གྱི་ཊེ་ཊིར་ཐོག་ཨ་ཉ་སེང་སྒྲའི་ཁྱིམ་མི་སོགས་མི་བརྒྱད་དང་ལྷན་དུ་བརྒྱབ་པའི་འདྲ་པར་ཞིག་བཞག་སྟེ། ཁུལ་ཁྲིམས་ཁང་གིས་ཁྲིམས་ཆད་རང་སོར་བཞག་པར་ཁྲིམས་རྩོད་པ་ཁོང་རང་ཉིད་དང་ཨ་ཉ་སེང་སྒྲའི་ཁྱིམ་མི་ཚོར་བློ་ཕམ་ཆེན་པོ་བྱུང་སྐོར་བྲིས་འདུག

སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་ནས་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་གོང་གཏུག་ཁྲིམས་བཤེར་གཉིས་པའི་གྱོད་ཡིག་ལ་ལྟ་ཞིབ་བྱས་ཡོད་ཀྱང་། ད་བར་ཁོང་གི་ཁྲིམས་བཤེར་དེ་ཕར་འགྱངས་རྐྱང་བྱས་ཏེ་བཞག་ཡོད་པ་དང། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་གོང་གཏུག་ཁྲིམས་བཤེར་བྱེད་མགོ་ཚུགས་ཡོད་ན་ཡང་། ཁྲིམས་བཤེར་ཁང་དུ་ཨ་ཉ་སེང་སྒྲ་དང་མི་རེ་གཉིས་ཙམ་མ་གཏོགས་ཁོང་གི་ནང་མི་དང་ཡུལ་མི་དཔང་བོ་སོགས་ཉན་ཞིབ་དག་སེལ་ཆེད་ནང་དུ་བཏང་མེད་པ་དང། སྐབས་དེར་འདི་གའི་གསར་འགོད་པས་རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་སྒྲོལ་མ་སྐྱབས་ལགས་སུ་གནད་དོན་དེའི་སྐོར་དྲིས་པར། སྤྱིར་ཡིན་ན་ཨ་ཉ་སེང་སྒྲའི་གོང་གཏུག་ཁྲིམས་ཞིབ་དེ་རྒྱལ་ཁབ་ཀྱི་གསང་བ་དང་བདེ་འཇགས། ཕོ་མོའི་གསང་བ་སོགས་ལ་འབྲེལ་བ་མེད་སྟབས། ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་ཁྲིམས་ར་ནས་ཁྲིམས་དཔོན་དང་དག་སེལ་བས་ག་རེ་བཤད་པ་ཚང་མ་ཕྱི་གསལ་ནང་གསལ་བྱ་དགོས་ན་ཡང་། དེ་ལྟར་བྱེད་ཀྱི་མེད་སྟབས་ཁོ་ཚོས་ཁྲིམས་བཤེར་དེར་ལས་ཀ་གཞན་ཞིག་ལས་བཞིན་མེད་དམ་བསམ་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

ཨ་ཉ་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ་ཟླ་ ༩ ཚེས་ ༤ ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་གིས། ཨ་ཉ་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་ཉེས་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༦ ཉིན། ཨ་ཉ་སེང་སྒྲ་ལགས་གཙོ་བོར་གྱུར་བའི་མི་ ༨ ལ་ཉིན་གྲངས་གཉིས་རིང་ཁྲིམས་བཤེར་བྱས་པ་བརྒྱུད།  དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་སྒྲིག་གཞིར་གཏོར་བཤིག་གཏོང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ཨ་ཉ་སེང་སྒྲ་ལགས་སུ་ལོ་ ༧ བཙོན་འཇུག་ཁྲིམས་ཆད་ཡོད་ན་ཡང་། ཨ་ཉ་སེང་སྒྲ་ལགས་ནས་མ་ཉེས་ཁག་གཡོག་བྱས་པའི་ཁྲིམས་ཆད་དེ་དྭང་ལེན་མ་བྱས་པར། བསྐྱར་དུ་མགོ་ལོག་ཁུལ་འབྲིང་རིམས་ཁྲིམས་ཁང་ལ་གོང་གཏུག་བྱས་ཡོད་པ་དང་། ཁོང་གི་ཕ་ཡུལ་མགོ་ལོག་རྐྱང་ཆད་ཡུལ་ཚོའི་མི་མང་ནས་རྒྱ་ནག་གཞུང་ལ་ཁོང་མྱུར་དུ་ཀློད་གྲོལ་གཏོང་དགོས་པ་དང་། ཁོང་ལ་ནག་ཉེས་གང་ཡང་མེད་པའི་རེ་ཞུ་ཐེངས་མང་ལ་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཡ་ལན་བྱས་མེད་པ་རེད།

ཨ་ཉ་སེང་སྒྲ་ལགས་ནི་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཐེངས་དང་པོ་དེ་མ་ཡིན་པར། ཕྱི་ལོ་ ༢༠༡༤ ཁོང་ས་གནས་སྲིད་གཞུང་གི་མགོ་འཁྲིད་དུ་འོས་འདེམས་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སེང་སྒྲ་ལགས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་དེ་ངོས་ལེན་མ་བྱས་པར། ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཀློད་གྲོལ་བཏང་ཡོད་པ་དང་། ཉིན་དེར་ས་གནས་མང་ཚོགས་ཀྱིས་བསང་གསོལ་བཏང་ནས་ཁོང་ལ་ཕེབས་བསུ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༨

Leave a Reply