རྒྱ་དཀར་ནག་གཉིས་ཞི་འགྲིག་མོས་མཐུན་བྱུང་ཡོད་སྐོར་བསྒྲཊ།

རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་སུ་དམག་མི་དང་དྲག་ཆས་མང་པོ་དབོར་འདྲེན་བྱེད་བཞིན་ཡོད་པ་དང་བསྟུན་མཐའ་མཚམས་ཞི་འགྲིག་ཡོང་བའི་གྲོས་མོལ་བྱེད་ཀྱི་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།  ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་དཀར་ནག་གི་བོད་ཧིན་ས་མཚམས་ཀྱི་དམག་མིས་དྲག་པོའི་དམར་འཛིང་ཐད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤན་ཀར་(Jaishankar)ལགས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་གཉིས་བར་ཁ་པར་བརྒྱུད་གྲོས་མོལ་གནང་སྟེ། ས་མཚམས་ཀྱི་དོན་རྐྱེན་ཞི་འགྲིག་ཡོང་རྒྱུ་དང་། རྗེས་ཕྱོགས་ཕྱོགས་གཉིས་ནས་ཟིང་འཁྲུག་དོན་རྐྱེན་མི་ཡོང་རྒྱུའི་གྲོས་འཆམ་བྱུང་ཡོད་ན་ཡང་། ཕྱོགས་གཉིས་ནས་མུ་མཐུན་ས་མཚམས་ཁག་ཏུ་དམག་མི་དང་དྲག་ཆས་ཇེ་མང་དུ་གཏོང་གི་ཡོད་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤན་ཀར་ལགས་ཀྱིས། ས་མཚམས་དོན་རྐྱེན་ཐད་ཕན་ཚུན་བསམ་ཤེས་དང་། འགན་འཁུར་ཡོད་པའི་ངང་ནས་ཕྱོགས་གཉིས་གང་རུང་ནས་རྗེས་ཕྱོགས་ཟིང་འཁྲུག་མི་བསླང་རྒྱུ་དང་། ས་མཚམས་དམག་མིས་དམར་འཛིང་དོན་རྐྱེན་དེ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་ལམ་བརྒྱུད་གྲོས་མོལ་ཡོང་རྒྱུ་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཕྱོགས་གཉིས་ནས་ས་མཚམས་ཞི་འགྲིག་ཡོང་རྒྱུར་མོས་མཐུན་བྱུང་ཡོད་ལ། དེ་བཞིན་ཕྱི་ཚེས་ ༡༥ ཉིན་བྱུང་བའི་གྷལ་ཝན་ཁུལ་གྱི་དྲག་འཛིང་གནས་ཚུལ་ཞི་འགྲིག་མགྱོགས་མྱུར་ཡོང་རྒྱུར་མོས་མཐུན་བྱུང་ཡོད་ཅེས་བཤད་འདུག

ཡང་(India Today)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་དཀར་ནག་གཉིས་ཀྱི་མཐོ་རིམ་མགོ་འཁྲིད་བརྒྱུད་ས་མཚམས་ཐད་གྲོས་མོལ་བྱུང་ཡོད་ཀྱང་། ཕྱོགས་གཉིས་ནས་ས་མཚམས་ཕྱོགས་སུ་དམག་མི་དང་དྲག་ཆས་དབོར་འདྲེན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ས་མཚམས་དམག་དཔོན་ཁག་གི་བར་དམག་མིས་དམར་འཛིང་དོན་རྐྱེན་ཐད་གྲོས་མོལ་རིམ་པར་འགྲོ་བཞིན་ཡོད་ཀྱང་། དོན་རྐྱེན་བྱུང་སའི་ཉེ་ཁུལ་སྤང་ཀོང་མཚོ་སོགས་ནས་ཕྱོགས་གཉིས་ཀྱི་གདོང་ཐུག་འགོག་སྲུང་ཛ་དྲག་རུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་དང། དེ་བཞིན་རྒྱ་ནག་གིས་ལ་དྭགས་ཀྱི་ས་མཚམས་ཁག་གཅིག་པུ་ཙམ་མ་ཡིན་པར་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་ཁག་ནས་རྒྱ་གར་ལ་བཙན་འཛུལ་བྱེད་བཞིན་ཡོད་པ་དང་། རྒྱ་གར་ཕྱོགས་ནས་གནམ་མཚོ་སྐམ་གསུམ་ནས་དམག་དཔུང་གྲ་སྒྲིག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་བར་སྐད་ཆ་བྱུང་རྗེས་ཞི་འགྲིག་ཡོང་བར་མོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་རྗེས། རྒྱ་གར་མི་སེར་མང་པོས་དམར་འཛིང་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་དམག་མི་ ༢༠ ལྷག་གི་ཚེ་སྲོག་གནད་དོན་དེ་འདྲའི་ཆུང་ཆུང་ཞིག་གིས་ཐག་གཅོད་བྱས་ན་འགྲིག་གི་མེད་ཚུལ་གྱི་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་པ་དང་། ཁ་སང་ཀོང་རི་སི་སྲིད་དོན་ཚོགས་པའི་སྣེ་འཁྲིད་པ་རཱ་ཧོལ་གྱིས་མུ་དྷི་སྲིད་གཞུང་གིས་གནད་དོན་དེའི་ཁུ་སིམ་མེར་བསྡད་ཡོད་པར་སྐྱོན་བརྗོད་བྱས་པར། རྒྱ་གར་དམག་གཞུང་གི་དེའི་སྔའི་མཐོ་རིམ་དམག་སྤྱི་ཟུར་པ་ཚོས་རཱ་ཧོལ་ལ་ལན་འདེབས་ཚུལ་དུ་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རཱ་ཧོལ་གྷན་དྷ་ཤེས་རྒྱ་ཆུང་ཆུང་ཡིན་པ་དང་། ཁོས་བོད་དེ་སྲིད་བློན་ནེ་རོའི་སྐབས་སུ་རྒྱ་ནག་ལ་སྤྲད་པ་དང་། རྒྱ་ནག་གིས་ཨག་ས་ཆན་ཁུལ་དུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། རྗེས་སུ་རྒྱ་ནག་གིས་ནེ་རོའི་སྐབས་སུ་ཨག་ས་ཆན་དབང་བསྒྱུར་བྱས་པ་ཤེས་ཀྱི་ཡོད་དམ། གལ་ཏེ་དེ་སྔའི་ཀོང་རི་སི་སྲིད་གཞུང་གིས་ས་མཚམས་ཀྱི་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་དང་། རྒྱ་གར་གྱི་དམག་དཔུང་དང་དྲག་ཆས་སྟོབས་ཤུགས་དེང་རབས་ཅན་དུ་བསྒྱུར་ཡོད་ཚེ། རྒྱ་གར་གྱི་གནས་བབ་དེ་སྔ་མོ་ནས་ཡག་པོ་བྱུང་ཡོད་པ་མ་ཟད་རྒྱ་ནག་གི་བཙན་འཛུལ་ཟིང་འཁྲུག་ཕམ་ཉེས་སུ་གཏོང་ཐུབ་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱིས་བོད་ཧིན་ས་མཚམས་ཁག་ནས་གདོང་ཐུག་འགོག་སྲུང་དང་དམག་མིས་བར་ལག་འཛིང་སོགས་ཡང་ཡང་བྱུང་གི་ཡོད་པ་དང་བསྟུན། རྒྱ་གར་གྱི་སྲིད་དོན་པ་དང་ས་བབ་ཆབ་སྲིད་ཉམས་ཞིབ་པ། གནད་དོན་དབྱེ་ཞིབ་པ་མང་པོས་བོད་དོན་གླེང་སློང་བྱེད་ཤུགས་ཆེ་རུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ས་མཚམས་གནད་དོན་ཐད་གསུང་བཤད་གནང་རྒྱུའི་རེ་བ་ཡོད་སྐོར་ཞུ་བཞིན་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་རྒྱ་གར་གསར་ཁང་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱེད་སྐབས། རྒྱ་གར་གཞུང་གིས་༧གོང་ས་མཆོག་གིས་ས་མཚམས་ཀྱི་དཀའ་རྙོག་ཐོག་ལ་དགོངས་ཚུལ་གང་ཡང་མ་གསུངས་པ་དེར་མི་མང་པོ་ཞིག་ལ་བསམ་ཚུལ་ཡོང་གི་ཡོད་པ་དང་། ལྡི་ལི་གཞུང་ནས་ཀྱང་༸གོང་ས་མཆོག་གིས་རྒྱ་གར་ལ་རྒྱབ་སྐྱོར་གྱི་དགོངས་ཚུལ་བཀའ་སྩལ་ཐུབ་ན་སྙམ་པའི་རེ་བ་ཞུ་བཞིན་ཡོད་སྐོར་བརྗོད་པར། སྲིད་སྐྱོང་མཆོག་གིས་༧གོང་ས་རྒྱལ་་བ་རིན་པོ་ཆེ་མཆོག་འདས་པའི་ལོ་ངོ་ ༦༠ རིང་འཛམ་གླིང་ས་གནས་གང་འདྲ་ཞིག་ལ་ཆིབས་སྒྱུར་བསྐྱངས་ཡང་རྒྱ་གར་གྱི་ཆོས་དང་རིག་གཞུང་། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐོག་ཡི་རང་བསྔགས་བརྗོད་གནང་བཞིན་ཡོད་པས། ༧གོང་ས་མཆོག་ལས་ལྷག་པའི་རྒྱ་གར་གྱི་མགྲིན་ཚབ་པ་ཞིག་མེད་ན་ཡང་། ཕྱི་ལོ་ ༢༠༡༡ ལོ་ནས་ཁོང་ཉིད་ཀྱིས་སྲིད་ཀྱི་འགན་དབང་མཚམས་བཞག་ཟིན་པས་ད་ལྟ་ཆབ་སྲིད་ཀྱི་འགན་དེ་སྲིད་སྐྱོང་གི་ཕྲག་ཏུ་བབས་ཡོད་སྐོར་གསུངས་ཡོད་པ་རེད།

གཞན་ཡང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་རང་དབང་སྲིད་དོན་ཉམས་ཞིབ་པ་སྐུ་ཞབས་ཨ་མེར་རྗ་ཊི་སཱན(Dr Amarjit Singh)གྱིས། གལ་ཏེ་རྒྱ་གར་གྱིས་བོད་རང་བཙན་ངོས་ལེན་བྱས་ན་ག་རེ་འབྱུང་གི་རེད་ཅེས་པའི་རྩོམ་ཡིག་ཅིག་བྲིས་པའི་ནང་། ད་ལྟའི་ཆར་རྒྱ་གར་གྱིས་བོད་ལ་བསྐྱར་དུ་ངོས་འཛིན་བྱས་པ་ཡིན་ན། རྒྱ་ནག་ཕྱོགས་ནས་ཅི་ཡང་བྱེད་མི་ཐུབ་པ་དང་། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་མང་པོ་ཞིག་རྒྱ་གར་གྱི་མི་འབོར་ལ་བརྟེན་ནས་ཡོད་པས། རྒྱ་གར་གྱིས་དེ་བསྟུན་དཔལ་འབྱོར་རང་གཉེར་གྱིས་རྒྱ་ནག་ལ་དཔལ་འབྱོར་གྱི་གྱོད་གུད་སྤྲད་པ་ཡིན་ན་ཁེ་ཕན་ཆེན་པོ་ཡོད་ན་ཡང་། རྒྱ་གར་གྱི་ཆབ་སྲིད་པ་ཚོས་དེ་ལྟ་བུའི་ལས་དོན་བྱེད་པར་རྒྱ་ནག་ལ་འཇིགས་སྣང་སྐྱེས་ཀྱི་ཡོད་སྐོར་དང་། རྒྱ་གར་གྱིས་བོད་ལ་བསྐྱར་དུ་ངོས་འཛིན་བྱེད་པའི་གནད་དོན་ཁ་ཤས་༧གོང་ས་མཆོག་ལ་ཐུག་ཡོད་པས། ༧གོང་ས་མཆོག་ནས་གསུང་ཞིག་གནང་གལ་ཆེ་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༨

Leave a Reply

One thought on “རྒྱ་དཀར་ནག་གཉིས་ཞི་འགྲིག་མོས་མཐུན་བྱུང་ཡོད་སྐོར་བསྒྲཊ།

  1. བསོད་ནམས་རྒྱལ་མཚན།

    Wao ! Lobsang Senge You Good 👍ལན་ཡག་པོ་སྤྲད་འདུག ༧གོང་ས་མཆོག་ཆབ་སྲིད་མཚམས་བཞག་ཟིན་པ་རེད། ད་དུང་རྒྱ་གར་གང་འདྲ་ཧམ་པ་འདུག འབྲོང་བསད་པས་མ་ཚད་རྔ་མས་དར་ཆ་བླང་དཔེ་ལྟར། ས་མཚམས་དེ་༧གོང་ས་མཆོག་གིས་ཐུགས་འགན་མ་རེད། རྒྱལ་རབ་རང་བཞིན་གྱི་ལོ་རྒྱུ་ལ་ཞིབ་འཇུག་བྱས་ཡ་རེད། ཁོ་རང་ཚོ་གོ་ལོག་རྩིག་པ་ཚང་མ་བོད་པའི་ཐོག་ལ་ཚུར་གཡུག་རྩིས་བྱེད་ཀྱི་འདུག་ག འོ་ཡ ! གང་འདྲ་ཡིན་ན་ ?