ཧིན་བོད་ས་མཚམས་ཀྱི་དོན་རྐྱེན་ཐད་བོད་ཀྱི་ཚོགས་པ་ལྔས་མཉམ་འབྲེལ་བསྒྲགས་གཏམ་སྤེལ།

རྒྱ་གར་ལ་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་བོད་མི་ཚོ་དང་བོད་ཀྱི་ཚོགས་སྡེ་ཁག་རྒྱ་གར་གཞུང་དང་མི་མང་མཉམ་དུ་ལངས་ཀྱི་ཡོད་པ་གསལ་བོ་ཞུ་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དེ་བཞིན། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་ཏེ། ཉེ་སྔོན་ཕྱི་ཚེས་ ༡༥ ཉིན་ལ་དྭགས་གྷལ་ཝན་ཡུལ་ཀླུང་གི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིས་དྲག་འཛིང་ཁྲོད།  རྒྱ་གར་གྱི་དམག་དཔོན་གཅིག་དང་ཉུང་མཐར་དམག་མི་ ༢༠ རྐྱེན་ལམ་དུ་ཤོར་བར་བརྟེན། ཁོང་ཚོའི་ཤུལ་ལུས་ནང་མི་སྤུན་མཆེད་སོགས་ཚང་མར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུས་བ་དང་སྦྲགས། རྒྱ་གར་གྱི་དམག་མིའི་བློ་སྟོབས་ལ་གུས་གཙི་ཞུ་རྒྱུ་དང་། རྒྱ་གར་ལ་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་ང་ཚོ་བོད་མི་དང་བོད་ཀྱི་ཚོགས་སྡེ་ཁག་རྒྱ་གར་གཞུང་དང་། མི་མང་མཉམ་དུ་ལངས་ཀྱི་ཡོད་པ་གསལ་བོ་ཞུ་རྒྱུ་ཡིན་པ་དང་། གཉིས་ནས་ང་ཚོས་རྒྱ་ནག་གི་དྲག་དམག་རྒྱ་གར་ནང་བཙན་འཛུལ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

གསལ་འགོད་གསལ་བསྒྲགས་སྟེང་ཚོགས་པ་ལྔའི་མཉམ་འབྲེལ་སྒྲོག་གཏམ་དེ་སྒྲོག་སྦྱངས་སྐབས། རྒྱ་གར་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་དོན་ཚན་བཞི་ཞུས་པའི་ནང་།  གཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཛ་དྲག་གིས་གསལ་བསྒྲགས་སྤེལ་ནས་རྒྱ་དམར་དམག་དཔུང་གིས་རྒྱ་གར་གྱི་མངའ་ཁོངས་སུ་དྲག་པོའི་བཙན་འཛུལ་བྱས་པར་ངོ་རྒོལ་དང་སྐྱོན་རྗོད་དྲག་པོ་བྱེད་དགོས་པ་དང་། གཉིས། རྒྱ་གར་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ངེས་པར་དུ་ངོས་ལེན་བྱེད་དགོས། ཉེ་ལམ་རྒྱ་དམག་གི་རྒྱ་གར་མངའ་ཁོང་སུ་དྲག་པོའི་བྱ་སྤྱོད་སྤེལ་སྟངས་དེའི་ཐོག་ནས། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་དེ་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་བྱསཔ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་། གསུམ་བོད་དང༌། ཡུ་གུར། ཧོང་ཀོང་དང་ལྷོ་སོག་ཐའེ་ཝན་མི་དམངས་བཅས་ཀྱིས་ངེས་པར་དུ་གུང་ཁྲན་ཏང་གི་མི་སེར་སྤེལ་བའི་བྱ་སྤྱོད་ངན་པ་དང་རྒྱ་སྐྱེད་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། བཞི་བ་རྒྱ་གར་མི་མང་གིས་རྒྱ་མིའི་ཐོན་རྫས་རྣམས་བཀག་འགོག་བྱེད་པའི་དམངས་ཁྲོད་ཀྱི་ལས་འགུལ་ནང་རྒྱལ་སྤྱིའི་སྤྱི་ཚོགས་ངེས་པར་དུ་མཉམ་ཞུགས་ཀྱིས་རྒྱ་མིར་དཔལ་འབྱོར་གྱི་གནོན་ཤུགས་ཆེ་རུ་གཏོང་དགོས་ཡོད་བཅས་བཀོད་འདུག

དེའི་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས། དུས་རབས་ཁ་ཤས་ནས་བཟུང་རང་བཙན་རྒྱལ་ཁབ་ཏུ་གནས་པའི་བོད་དང་རྒྱ་གར་གཉིས་ཞི་བདེ་མཛའ་མཐུན་ངང་གནས་མྱོང་བ་དང་། ཐུན་མོང་གི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་མཐའ་མཚམས་ཚོང་དོན་དང༌། རིག་གནས་ཀྱི་འབྲེལ་ལམ་སོགས་ཞི་བདེ་བག་ཕེབས་ངང་གནམ་མྱོང་ཡོད། བོད་ནི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན་པས། གཙང་ཆུ་དེ་རྣམས་འབྲེལ་ཡོད་དམའ་སའི་རྒྱལ་ཁབ་ཁག་དང་མཉམ་དུ་ལོངས་སུ་སྤྱོད་པར་དཀའ་ངལ་དང་། རྙོང་འཛིང་ཆེ་བའི་གནས་ཚུལ་གང་ཡང་བྱུང་མྱོང་མེད། འོན་ཀྱང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་རྒྱ་དམར་དྲག་པོས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ཀྱི་དྲག་གནོན་འོག་གནས་ཡོད། བོད་ལ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་ཕྱི་ལོ་ ༡༩༤༩ ལོར་བཙན་བཟུང་མ་བྱས་གོང་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་ལོ་རྒྱུས་ནང་མེད་པ་དང་།  གུང་ཁྲན་དམར་པོའི་སྲིད་གཞུང་གིས་བོད་ལ་དྲག་གནོན་བཙན་བཟུང་བྱས་པའི་རྐྱེན་གྱིས་བོད་མི་ས་ཡ་གཅིག་ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད། ང་ཚོ་གཞིས་ལུས་བོད་མི་དང་བཙན་བྱོལ་བོད་མི་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ནམ་ཡང་བློས་གཏོང་བྱེད་ཀྱི་མིན། ཞེས་བརྗོད་སོང་།

ཡང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་མཁའ་འགྲོ་ལགས་ཀྱིས།  ད་ལྟའི་དུས་ལ་རྒྱ་གར་གྱིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱབ་ཁབ་གཅིག་དང་། རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་པའི་མི་རིགས་ཤིག་ཡིན་པ་ངོས་ལེན་དགོས་པའི་དུས་སུ་སླེབས་ཡོད་ཅིང་། རྒྱ་གར་དང་བོད་ཀྱི་མཐའ་མཚམས་གྲོས་མཐུན་ཐོག་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་འཐུས་ཚབ་གདན་ཞུ་བྱ་དགོས། ལོ་རྒྱུས་ཐོག་ནས་རྒྱ་ནག་དམར་གཞུང་ནི་ཡིད་ཆེས་མི་རུང་བ་ཞིག་ཡིན་པ་ད་རེས་ཀྱི་གནད་དོན་དེའི་ཐོག་ནས་གསལ་བཤད་བྱས་ཡོད། རྒྱ་གར་གྱིས་རྒྱ་ནག་ལ་ཉེན་ཁ་མེད་པར་མཐོང་ནས་ཡིད་ཆེས་དང་བོད་ལ་སྣང་མེད་བཏང་བར་བརྟེན། ད་ཆ་རྒྱ་གར་མངའ་ཁོངས་སུ་རྒྱ་མིས་བཙན་འཛུལ་བྱེད་བཞིན་ཡོད། དེ་ནི་རྒྱ་གར་གྱི་འབྱུང་འགྱུར་རྒྱལ་ཁབ་བདེ་འཇགས་ཀྱི་ངོས་ནས་བརྗོད་ནའང་བློ་གྲོས་དང་བྲལ་བའི་འཐབ་ཇུས་ཤིག་ཡིན། རྒྱ་ནག་དང་མཛའ་བརྩེ་རིང་དུ་དོར་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང། རྒྱ་ནག་དམར་གཞུང་ལ་ཡུན་རིང་གི་མཛའ་གྲོགས་བྱས་ན་སྔར་བཞིན་ཡང་བསྐྱར་རྒྱ་གར་བཙོངས་རྒྱུ་དེ་རེད། རྒྱ་ནག་དམར་གཞུང་གི་འདོད་རྔམ་ཆེན་པོས་བོད་ལ་བཙན་འཛུལ་བྱས་པ་ནི་ཧི་མ་ལ་ཡའི་ས་ཁུལ་དང་། འཛམ་གླིང་ཧྲིལ་པོར་བཙན་འཛུལ་དང་རྒྱ་སྐྱེད་སྲིད་ཇུས་ཀྱི་ཆ་ཤས་ཤིག་རེད། དེར་བརྟེན། རྒྱ་གར་ལ་དམིགས་བསལ་གལ་ཆེན་འགན་འཁྲི་ཡོད་པ་དང་འགག་རྩའི་དུས་མཐའ་འཁོར་རྒྱལ་ཁབ་རྣམས་སྣེ་འཁྲིད་ནས་རྒྱ་ནག་དྲག་པོའི་ཁྲིམས་འགལ་ངང་བཙན་འཛུལ་བྱེད་པར་འགྲན་སློང་བྱེད་དགོས། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་འཛམ་གླིང་ནང་ཉེས་མེད་མི་ཁྲི་ ༥༠ ཙམ་གྱི་ཚེ་སྲོག་འཕྲོག་ཡོད་པ་དང་མི་ཁྲི་ ༧༤༠ ཙམ་ལ་ནད་ཡམས་འགོས་ཡོད། རྒྱ་དམར་གྱིས་ ད་དུང་རྒྱ་གར་ལ་དམག་དོན་བཙན་འཛུལ་བྱས་ནས་ཧོ་ལ་ཧྲིལ་པོའི་བདེ་འཇགས་ལ་སྔར་བས་ནེན་ཚབ་དང་འཇིགས་སྐུལ་ཆེ་བ་བཟོས་ཡོད། དེར་བརྟེན་ རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མཐོང་ཆུང་བྱེད་པ་དང་འཛམ་གླིང་ས་གནས་ཁག་ཏུ་མནར་གཅོད་བཏང་བའི་འགན་འཁྲི་རྩད་གཅོད་བྱེད་དགོས། ང་ཚོས་ངེས་པར་དུ་འཕྲུལ་མར་བྱ་སྤྱོད་སྤེལ་ནས་རྒྱ་དམར་སྲིད་གཞུང་གིས་གོ་ལ་ཧྲིལ་པོར་བརྟན་ལྷིང་མེད་པ་བཟོ་རྒྱུར་སྔོན་འགོག་བྱེད་དགོས། ཅེས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༨

Leave a Reply

4 thoughts on “ཧིན་བོད་ས་མཚམས་ཀྱི་དོན་རྐྱེན་ཐད་བོད་ཀྱི་ཚོགས་པ་ལྔས་མཉམ་འབྲེལ་བསྒྲགས་གཏམ་སྤེལ།

  1. བཀྲ་སྒྲོལ་མ།

    རྩོད་རྙོག་དེའི་འཛུལ་མི་རུང།གལ་ཏེ་བོད་རང་ཉིད་ལ་རང་དབང་བྱུང་མཚམས་།ས་ཆ་དེ་ཚོ་རྒྱ་གར་ལ་སྤྲད་ཀྱིས་ཡིན་པས།རྒྱ་གར་དྲིན་་ཆེན་རེད།རྒྱ་མི་ལ་ཁ་རྡུང་གཏོང་ན་ཚིག་བེད་སྤྱད་གཏོང་ཡ་ཐད་བསམ་གཞི་བྱ་དགོས།འཇོན་མདོག་མ་བྱེད་ཨ།
    གཅིག་བྱེད་མི་དེ་དག་རྒྱ་གར་མི་སེར་བཟོས་ཚར་ཡོད་ཤག
    དེ་འདྲའི་ཡིན་ན་བོད་པ་ཚང་མའི་མིང་བེད་སྤྱད་མ་གཏོང་ཨ།

  2. བསོད་ནམས་རྒྱལ་མཚན།

    རྒྱ་དཀར་ནག་གཉིས་མུ་ཐུས་བོད་ཀྱི་ས་ཐོག་ལ་འཐབ་འཛིན་བྱེད་བཞིན་པ་དེ་ བོད་དེ་ཤི་ཚར་ནས་ལང་རྒྱུ་མེད་པ་ཞིག་ལ་ངོས་འཛིན་བྱེད་པ་མཚོན་པ་རེད། ཐུ་ ཀླད་སྟོང་དེ་ཚོ། བར་ལ་ག་རེད་བྱེད་ནས་འཛུལ་གྱི་ཡོད་རེད། བོད་ཀྱི་རྩ་དོན་ལ་བར་ཆད་བྱུང་ན་ འདི་ཚོགས་པ་ལྔ་པོ་དེ་ཡིན་ད། བོད་མི་ཚོ།

  3. བསོད་ནམས་རྒྱལ་མཚན།

    ཝཻ ཐུ ཐུ ཐུ ཐུ ཐུ ཐུ ཐུ ཐུ ཐུ རྒྱལ་ཚོང་པ་ཚོ་ བོད་མི་ཚང་མ་ མ་ལབ་རོགས་བྱེད། ང་ཚོ་ཁྱེད་རང་ཚོ་ནང་བཞིན་རྒྱལ་ཚོང་པ་མིན་ད། འདི་ནི་ཞི་མི་དཀར་ནག་བོད་ཧབ་ཐོབ་གིས་འཐབ་འཛིང་ཡིན། བོད་པ་ཚོ་ ཚོགས་པ་ལྔ་ཡིས་འབྲས་དཀར་ལ་མགོ་སྐོར་མ་ཐེབས་པ་གནང་རོགས། སངས་རྒྱས་་་ སོ་སོའི་སྡུག་བསྔལ་སོ་སོ་རང་གི་བསང་དགོས་གསུངས་ཡོད། དེ་བཞིན་ རྒྱ་གར་རང་ཉིད་ཀྱི་མགོ་ལོག་གཙིགས་པ་ཚང་མ་རྒྱ་གར་ཁོ་རང་ཚོའི་བསང་དགོས། འདི་ང་ཚོའི་ཇུས་ཏོག་མ་རེད།

  4. ཀླུ་ཁང་ཚང་

    རང་གི་སྐུབ འདེགས་དང་ཁ་ཀྱང་ཀྱང་ཤད་ནས་མི་ལོ་དྲུག་ཅུ་སོང
    ད་བྱེད་འདོད་ཡོད་ན་དམག་དཔུང་ནང་འཛུལ་རོགས
    འདི་ནི་དཔའ་བོ་རེད་