བཞུགས་སྒར་དྷ་རམ་ས་ལར་ཏོག་ནད་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་མ་ཕེབས་རོགས།

ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་སྡོད་ཁུལ་ ༣༥ ནང་ཁྱོན་བོད་མི་ ༡༡༠༩ ཏོག་དབྱིབས་ནད་ཡམས་ཀྱི་ཟུར་བཀག་འོག་བཞག་ཡོད་འདུག

ཉེ་ལམ་ནས་རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་རྒྱལ་ས་ལྡི་ལི་ཁུལ་དུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་དང་བསྟུན། ལྡི་ལིར་གནས་སྡོད་བོད་མི་མང་པོ་ཞིག་བཞུགས་སྒར་དྷ་རམ་ས་ལར་སླེབ་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༨ ནས་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༨ བར་ས་གནས་གཞན་ནས་དྷ་རམ་ས་ལར་ཁྱོན་བོད་མི་ ༢༩༠ ལྷག་བསླེབས་ཡོད་པ་དང་། འདས་པའི་ཉིན་གྲངས་གཉིས་གསུམ་ནང་དྷ་སར་ལོག་མཁན་ཕལ་ཆེ་བ་ལྡི་ལི་ཁུལ་ནས་ཡིན་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ། ས་གནས་གཞན་ནས་དྷ་སར་སླེབ་མཁན་ཚོའི་ཟུར་བཀག་གནས་སྟངས་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་བོད་མི་སུ་རུང་ཞིག་མཁའ་འགྲུལ་དང་རླངས་འཁོར་བརྒྱུད་ཀང་ར་རྫོང་ཁོངས་སུ་ཕྱིར་ལོག་བྱེད་དགོས་ཚེ། ཐོག་མར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རྒྱབ་གཉེར་དགོས་པ་དང་། ཀང་ར་རྫོང་ཁོངས་སུ་ཕྱིར་ལོག་བྱེད་མཁན་བོད་མི་སུ་འདྲ་ཞིག་ཡིན་རུང་ངེས་པར་དུ་ས་གནས་འདིར་གནས་སྡོད་བྱེད་མཁན་ཡིན་པའི་དཔང་རྟགས་དགོས་པ་དང་། བཀའ་ཤག་གི་ལམ་སྟོན་གཞིར་བཟུང་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་ཏེ། ཕྱི་ཟླ་ ༦ དང་ ༧ པའི་ནང་༧རྒྱལ་བའི་བཞུགས་གནས་དྷ་རམ་ས་ལར་ཕྱིར་ལོག་མི་བྱ་རྒྱུ་གཙོར་འདོན་གནང་དགོས་པ་དང་། དྷ་སར་གནས་སྡོད་ཀྱི་དཔང་རྟགས་ཡི་གེ་མེད་ཚེ། ས་གནས་མགོ་འཛིན་ལས་ཁུངས་ནས་དེ་རིགས་ལ་རྒྱབ་གཉེར་སྤྲོད་ཐབས་མེད་སྐོར་བརྗོད་སོང་།

དྷ་རམ་ས་ལར་ལོག་པའི་དམར་རྟགས་ཅན་གྱི་ས་ཁུལ་ནས་ཡོང་བའི་སྐྱེས་པ་རང་ལོ་ ༡༥ ནས་ ༧༠ ལོན་པ་རྣམས་ངེས་པར་དུ་ཀང་ར་རྫོང་དཔོན་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཟུར་བཀག་ཁང་དུ་སྡོད་དགོས་པའི་སྒྲིག་གཞི་བཟོས་ཡོད་པ་དང་། ༧རྒྱལ་བའི་སྐུ་ཕྱཱར་སྲུང་སྐྱོབ་ཀྱི་ཆེད་དུ་མེག་གྷན་དང་གངས་སྐྱིད་གཡས་གཡོན་ལ་སྡོད་མཁན་ཚོ་ངེས་པར་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ཤེས་རབ་དགའ་ཚལ་སློབ་གླིང་དང་། སྣེ་ལེན་ཁང་། ཤུགས་གསེབ་བཅས་ཀྱི་ནང་བདུན་ཕྲག་གཅིག་བསྡད་རྗེས། རྒྱ་གར་ས་གནས་རྫོང་དཔོན་ལས་ཁུངས་ཀྱི་སྨན་ཞབས་འཕྲོད་ལས་པས་བརྟག་འབྲས་སུ། ཏོག་དབྱིབས་ནད་ཡམས་མེད་པར་ཐག་གཅོད་བྱུང་འཕྲལ། རང་ཁྱིམ་དུ་ཉུང་མཐར་བདུན་ཕྲག་གཅིག་རིང་ཟུར་བཀག་འོག་སྡོད་དགོས་ཀྱི་ཡོད་འདུག

བུད་མེད་ཚོ་ཀང་ར་རྫོང་དཔོན་ལས་ཁུངས་ཀྱི་ཟུར་བཀག་ཁང་དུ་སྡོད་མི་དགོས་པའི་རྒྱུ་མཚན་སྐོར་ལ་ཁོང་གིས།  ཉེ་ལམ་ས་གནས་རྫོང་དཔོན་ལས་ཁུངས་ཀྱི་ཟུར་བཀག་ཁང་དེར་བུད་མེད་ལ་ཚུལ་མིན་གྱིས་ལག་པ་འཆང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། དམར་རྟགས་ཅན་གྱི་ས་ཁུལ་ནས་ཡོང་བའི་མེག་གྷན་དང་གངས་སྐྱིད་ཁུལ་དུ་གནས་སྡོད་བོད་མི་ཕྱིར་ལོག་པ་རྣམས་ཤུགས་གསེབ་ཏུ་གཏོང་གི་ཡོད་པ་དང་། དེའི་ཁུལ་གྱི་བོད་མི་གཞན་རྣམས་ཤེས་རབ་དགའ་ཚལ་སློབ་གླིང་དང་སྣེ་ལེན་ཁང་དུ་གཏོང་གི་ཡོད་སྐོར་དང་། དེ་མིན་སཱ་ར་དང་། ནོར་གླིང་། རྒྱུད་སྟོད་གཡས་གཡོན་དུ་སྡོད་མཁན་ཚོ་རང་ཁོངས་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པའི་ཟུར་བཀག་ཁང་ངམ། ཡང་ན་རང་ཁྱིམ་དུ་གནས་སྡོད་བྱེད་དགོས་སྐོར་བརྗོད་བྱུང་།

དེ་བཞིན་དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཐེངས་ ༡༢ བའི་སྟེང་།  ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་ས་གནས་ཁག་ ༣༥ ཡི་ཟུར་བཀག་ཁང་དུ་ཁྱོན་བོད་མི་ ༡༡༠༩ ཡོད་པ་དང་། དེ་དག་གི་ཁྲོད་ནས་མི་གྲངས་ ༦༦༡ རང་ཁྱིམ་དུ་ཟུར་བཀག་བྱས་ཡོད་པ་དང་མི་ ༤༤༨ བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ཟུར་བཀག་ཁང་ཁག་ཏུ་ཡོད་སྐོར་བརྗོད་སོང་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་གནང་བའི་དྷ་ས་ཁུལ་གྱི་ཟུར་བཀག་ཁང་ཤུགས་གསེབ་ཏུ་བོད་མི་ ༢༡ དང་། ཤེས་རབ་དགའ་ཚལ་སློབ་གླིང་དུ་བོ་ ༧  དེ་བཞིན་སྣེ་ལེན་ཁང་དུ་ ༥༡ བཅས་ཡོད་པ་དང་།  ད་བར་ཟུར་བཀག་ཁང་གསུམ་དེ་ནས་ཏོག་དབྱིབས་ནད་པའམ། དོགས་གཞི་ཅན་གྱི་ནད་པ་གཅིག་ཀྱང་ཐོན་མེད་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་རྒྱལ་ཡོངས་ནང་ཕར་འགྲོ་ཚུར་འགྲོ་མ་གནང་རོགས། ཡག་ཤོས་དེ་རྣམ་པ་ཚོ་གང་དུ་བཞུགས་ཡོད་ནའང་དེ་ག་རང་ལ་མུ་མཐུད་ནས་བཞུགས་རྒྱུ་དེ་རེད། གལ་ཏེ་ཛ་དྲག་དབང་གིས་ཕེབས་དགོས་བྱུང་ནའང་ལྡི་ལི་བརྒྱུད་ནས་མ་ཕེབས་རོགས། དེ་བཞིན་ལྡི་ལིར་བཞུགས་མཁན་ཚོས་ཀྱང་གཟབ་གཟབ་གནང་རོགས། ཞེས་འབོད་སྐུལ་གནང་བ་དང་སྦྲགས། བཀའ་ཤག་ནས་ཐའེ་ཝན་དོན་གཅོད་བརྒྱུད་ཁ་རས་འབུམ་གཅིག་མངགས་ཡོད་པ་དག་གང་མགྱོགས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་རྣམས་ལ་བགོ་འགྲེམ་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

གཞན་ད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ ༢༤ ལ་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པའི་ཁྲོད་ནས། ནད་པ་ ༢ འདས་གྲོངས་དང་། ནད་པ་ ༡༢ དྲག་སྐྱེད། སྨན་བཅོས་བྱེད་བཞིན་པ་ ༩། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཁྱོན་བོད་མི་ཏོག་དབྱིབས་ནད་པ་ ༢༡༣ བྱུང་བའི་ཁྲོད་ནས་ ༨ འདས་གྲོངས་དང་། ༡༦༥ དྲག་སྐྱེད་བྱུང་བ། སྨན་བཅོས་བྱེད་བཞིན་པ་ ༤༠ ཡོད་འདུག

རྒྱ་གར་དབུས་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་གྲངས་ཐོ་ལྟར་ན། ད་བར་རྒྱ་གར་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་པ་འབུམ་ ༣།༧ ལྷག་བྱུང་བའི་ཁྲོད་ནས། ཁྲི་ ༡།༢ ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་། མཱ་ཧཱ་ར་ཤི་ཏ་རའི་ནང་ཏོག་དབྱིབས་ནད་པ་འབུམ་ ༡།༡ དང་། ཏཱ་མིལ་ནཱ་དྷུའི་ནང་ཁྲི་ ༥། རྒྱལ་ས་ལྡི་ལིའི་ནང་ཁྲི་ ༤།༧ ལྷག་བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༡༨

Leave a Reply

3 thoughts on “བཞུགས་སྒར་དྷ་རམ་ས་ལར་ཏོག་ནད་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་མ་ཕེབས་རོགས།