སྲིད་བློན་མུ་དྷི་མཆོག་ནས་ས་སོར་གང་ཡང་ཤོར་འཇུག་རྒྱུ་མིན་ཞེས་གསུངས།

འཁོར་སྐར་བརྒྱུད་ནས་ལྟ་ཞིབ་བྱེད་སྐབས་རྒྱ་དཀར་ནག་གཉིས་ཀྱིས་མཐའ་མཚམས་ཁུལ་དུ་དམག་མི་དང་དྲག་ཆས་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཏེ་འཛིང་རགས་དང་ལམ་ཀ་སོགས་སྐྲུན་འཛུགས་ཇེ་མགྱོགས་སུ་བཏང་ཡོད་འདུག ཁ་སང་ཕྱི་ཚེས་ ༡༩ ཉིན། རྒྱལ་སྤྱིའི་དམག་གི་འཐབ་བྱུས་ལྟེ་གནས་ཁང་(International Institute for Strategic Studies)གིས་འཁོར་སྐར་བརྒྱུད་བཏོན་པའི་པར་རིས་སོགས་ལས་མངོན་པ་ལྟར་ན།  ཉེ་སྔོན་རྒྱ་དཀར་ནག་གི་དམག་མིས་བར་དམར་འཛིང་དོན་རྐྱེན་བྱུང་སའི་ས་མཚམས་ཁུལ་དུ། ཕྱོགས་གཉིས་ནས་དམག་མི་དང་དྲག་ཆས་དབོར་འདྲེན་བྱས་ཏེ། ཉེ་འཁོར་གྱི་སྦྲ་གུར་སོགས་ཀྱང་མེད་པ་བཟོས་ནས་དམག་མིའི་རླངས་འཁོར་མང་པོ་སྒྲིག་འཇོག་བྱེད་ཀྱི་ཡོད་པ་མ་ཟད། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་ལམ་དང་ཟམ་པ། འཛིང་རགས་འཛུགས་སྐྲུན་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ད་ལྟའི་ཆར་དམར་འཛིང་དོན་རྐྱེན་བྱུང་སའི་ས་མཚམས་ཀྱི་ཐག་ཉེ་སར་རྒྱ་ནག་གི་དམག་མིའི་རླངས་འཁོར་ ༡༠༠ ལྷག་དང་རྒྱ་གར་གྱི་རླངས་འཁོར་ ༣༠ ནས་ ༤༠ བར་སྒྲིག་འཇོག་བྱས་ཡོད་པ་དང་། ས་མཚམས་དེར་ཕྱི་ལོ་ ༡༩༧༦ ལོ་ནས་བཟུང་དམག་གུར་གཏན་འཇགས་སུ་ཕུབ་ཡོད་ཀྱང་ཉིན་ཤས་སྔོན་ནས་བཟུང་མཐོང་རྒྱུ་མེད་པ་དང་། རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ལྟེ་གནས་ཁང་ལ་མཁོ་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ས་མཚམས་དེར་དུས་རྒྱུན་རྒྱ་ནག་གི་དམག་མི་ ༥༠༠ ནས་ ༦༠༠ བར་མ་གཏོགས་མེད་ཀྱང་། ད་ལྟ་དམག་མི་ ༡༠༠༠ ནས་ ༡༥༠༠ བར་འཕར་སྣོན་བྱས་ཡོད་སྐོར་བརྗོད་འདུག

དེ་བཞིན་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་། རྒྱ་གར་གྱི་སྲིད་བློན་མུ་དྷུ་མཆོག་གི་སྣེ་ཁྲིད་འོག་དྲ་ལམ་ནས་རྒྱ་གར་སྲིད་དོན་ཚོགས་པ་ ༢༠ ལྷག་གི་མགོ་འཁྲིད་དང་སྲིད་དོན་མི་སྣའི་ས་མཚམས་གནད་དོན་ཐད་ཚོགས་འདུ་ཚོགས་ཡོད་པ་དང་།ཚོགས་འདུའི་སྟེང་སྲིད་བློན་མུ་དྷུ་མཆོག་གིས་ད་ལྟའི་ཆར་སུ་གཅིག་གིས་རྒྱ་གར་གྱི་ས་མཚམས་ནང་བཙན་འཛུལ་དང་ས་ཆ་བཙན་འཕྲོག་བྱས་པ་མེད་ལ། ངས་ཁྱེད་ཚོར་གསལ་འདེབས་ཞུ་རྒྱུར་ང་ཚོས་དམག་དཔུང་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཡོད་ལ། དེ་རིང་ང་ཚོའི་ས་ཁུལ་ནང་སུ་གཅིག་གིས་ས་སོར་གང་ཡང་བཙན་འཕྲོག་བྱེད་མི་ཐུབ་པའི་ནུས་པ་ཡོད། དེ་བཞིན་སྲིད་གཞུང་གིས་ས་མཚམས་དམག་དཔུང་ལ་ཕར་རྒོལ་བྱེད་པར་རང་དབང་ཚང་མ་སྤྲད་ཡོད་ལ། གྲོས་མོལ་བརྒྱུད་ནས་ང་ཚོས་རྒྱ་གར་གྱི་ལངས་ཕྱོགས་གསལ་བོ་བཟོས་ཡོད། རྒྱ་གར་གྱིས་ཞི་བདེ་དང་གྲོགས་པོ་བྱེད་འདོད་ཡོད་མོད། རྒྱལ་ཁབ་ཀྱི་ས་མཚམས་གཏན་སྲུང་ནི་ཨང་དང་པོར་འཇོག་གི་ཡོད་སྐོར་གསུངས་འདུག

ཡང་ཁོང་གིས། ཉེ་ལམ་ས་མཚམས་དོན་རྐྱེན་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ བསད་ཡོད་པ་དང་། གནད་དོན་དེས་རྒྱལ་ཡོངས་མི་མང་གི་སེམས་ཁམས་ལ་ཕོག་ཐུག་དང་ཁོང་ཁྲོ་བསླངས་ཡོད་ཀྱང་། འདས་གྲོངས་སུ་སོང་བའི་དམག་མི་ཚོའི་ཚེ་སྲོག་དོན་མེད་ཆུད་ཟོས་སུ་འགྲོ་བ་མ་རེད་ལ། དོན་རྐྱེན་དེ་མ་བྱུང་སྔོན་ལ་ང་ཚོའི་དམག་དཔུང་གིས་རྒྱ་གར་ས་ཁུལ་ལ་ཧམ་སེམས་བཅངས་མཁན་ཚོར་བསླབ་བྱ་ཞིག་སྤྲད་ཟིན་ཡོད་པ་དང་། ད་ལྟ་ས་མཚམས་ཁག་ཏུ་དམག་མི་དང་དྲག་ཆས་ཀྱི་སྒྲིག་བཀོད་ཚང་མ་བྱས་ཚར་ཡོད་པ་མ་ཟད། ས་མཚམས་ལ་དམག་གི་ནུས་པ་འདང་ངེས་པ་ཡོད་པ་མ་ཟད་ས་མཚམས་ཀྱི་གནད་དོན་ཇི་བཞིན་དུས་ཐོག་ཏུ་འབྱོར་བཞིན་ཡོད་སྐོར་སོགས་གསུངས་འདུགདེ་བཞིན་ཚོགས་འདུའི་སྟེང་སྲིད་དོན་ཚོགས་པ་ཚང་མའི་འཐུས་མི་ཚོས་ས་མཚམས་གནད་དོན་ཐད་སྐད་ཆ་བཤད་ཡོད་པ་དང་། ཀོང་རི་སི་སྲིད་དོན་ཚོགས་པའི་མགོ་འཁྲིད་ལྕམ་སོ་ནེ་ཡ་གྷན་དྷི་(Sonia gandhi)གལགས་ཀྱིས། ཐེངས་འདིའི་དོན་རྐྱེན་དེ་ནི་སྲིད་གཞུང་གི་འཐུས་ཤོར་ཆེན་པོ་ཞིག་ཡིན་པ་དང་། གཞུང་གིས་རྒྱ་ནག་གི་དམག་མི་དེ་སྔོན་ནས་ས་ཁུལ་དེར་ཐོན་ཡོད་པ་མ་ཤེས་པ་རེད་དམ། ཡང་གཞུང་གི་གསང་བའི་ལས་ཁུངས་ཁག་གིས་སྙན་ཞུ་ཏག་ཏག་མ་སྤྲད་པ་རེད། མ་འོངས་པར་གནས་སྟངས་ག་འདྲ་ཡོང་གི་ཡོད་པ་དང་གཞུང་གིས་ཕར་རྒོལ་བྱེད་པར་གྲ་སྒྲིག་ག་འདྲ་ཡོད་སོགས་དྲིས་ནས། གཞུང་གི་མཐའ་མཚམས་སྲུང་སྐྱོབ་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། སྲིད་དོན་ཚོགས་པ་མང་ཆེ་བས་ས་མཚམས་དོན་རྐྱེན་དང་འབྲེལ་ནས་སྲིད་གཞུང་གིས་ལས་དོན་ཚགས་ཚུད་དགོས་སྐོར་སོགས་བརྗོད་ཡོད་པ་དང་། ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མྰ་མྰ་ཊ་ལགས་ཀྱིས་རྒྱ་གར་གཞུང་གིས་རྒྱ་ནག་གི་འཕྲུལ་ཆས་ཅ་དངོས་རིགས་གཅིག་ཀྱང་ནང་འདྲེན་བེད་སྤྱོད་བྱེད་མཚམས་འཇོག་དགོས་སྐོར་སོགས་བརྗོད་སོང་།

ཡང་ཁ་སང་ཕྱི་ཚེས་ ༡༩ ཉིན། ས་མཚམས་དོན་རྐྱེན་ཐད་ནས་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔོན་བར་གྲོས་མོལ་རིམ་པར་བརྒྱུད་རྒྱ་ནག་གིས་འཛིན་བཟུང་བྱས་པའི་རྒྱ་གར་དམག་མི་བཅུ་དེ་གློད་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་བར་ཁ་པར་བརྒྱུད་སྐད་ཆ་བཤད་དེ་ས་མཚམས་གནད་དོན་ཐད་ཕྱོགས་གཉིས་ནས་གྲོས་འཆམ་ཡོང་རྒྱུ་བྱས་ཡོད་སྐོར་བརྗོད་ཡོད་ན་ཡང་། ཁ་སང་རྒྱ་གར་ཨ་ནཱ(ANI)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ས་མཚམས་དོན་རྐྱེན་བྱུང་རྗེས་རྒྱ་ནག་ཕྱོགས་ནས་ས་མཚམས་དང་ཐག་ཉེ་བའི་ས་ཁུལ་དུ་དྲག་ཆས་དམག་སྦྱོང་ཤུགས་ཆེན་པོ་ཞིག་བྱས་ཡོད་པ་དང་། དམག་སྦྱོང་དེ་ཡིས་རྒྱ་གར་གཙོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་བརྡ་གཏོང་བཞིན་ཡོད་པའི་རྣམ་པ་བསྟན་ཡོད་ན་ཡང་། ཕྱི་ཚེས་ ༡༩ ཉིན་ནས་རྒྱ་གར་ཕྱོགས་ནས་ལ་དྭགས་ཁུལ་དུ་མཁའ་དམག་གིས་དམག་སྦྱོང་དང་། རྒྱ་གར་གྱིས་ད་བར་ཕྱི་ལ་མ་བཏོན་པའི་དྲག་ཆས་མཚོན་ཆ་དང་ཐད་འཕུར་གནམ་གྲུ(Boeing AH-64 Apache)དང་(Sukhoi Su-30)སོགས་ཀྱིས་དམག་དོན་བྱ་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་སྐོར་བཀོད་ཡོད་པ་དང་། ཉིན་ཤས་ནས་བཟུང་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་རཱ་རྗི་ནཱ་ཏི་སཱང་(Rajnath Singh)མཆོག་གིས་རྒྱ་གར་ཕྱོགས་ནས་ས་མཚོ་སྐམ་གསུམ་ཚང་མའི་དམག་དཔུང་ཁག་ལ་གྲ་སྒྲིག་བྱས་ཟིན་སྐོར་བརྗོད་ཡོད་པ་རེད།

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམར་འཛིང་བྱུང་རྗེས་རྒྱལ་སྤྱིའི་སྟེང་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། ཕྱི་ཚེས་ ༡༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་ཕེམ་པེ་མཆོག་གིས། སྤྱི་ཚོགས་དྲ་ལམ་ཊི་ཊིར་སྟེང་མྱ་ངན་གུས་འདུད་ཞུ་ཡིག་ཅིག་བྲིས་ཡོད་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་མགྱོགས་པོར་ཞི་འཇགས་ཡོང་རྒྱུ་དཀའ་མོ་ཡིན་པའི་ཚོད་དཔག་དང་། རྒྱ་ནག་གིས་རྒྱ་གར་གཙོའི་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་ཧྥི་ལི་པིན། བྷང་ལ་དྷེ་ཤི་སོགས་ཀྱི་ས་མཚམས་ཁག་ཏུ་ཟིང་འཁྲུག་སློང་བཞིན་ཡོད་པ་དེས། རྒྱ་ནག་གིས་རང་ཉིད་ཨེ་ཤ་ཡའི་ནང་གི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་སྟོན་ཆེད་ཡིན་སྲིད་ན་ཡང་། གནད་དོན་དེས་མཐུན་ཕྱོགས་རྒྱལ་ཁབ་མང་པོ་མཉམ་རུབ་དང་རང་ཉིད་ཁེར་རྐྱང་ལ་ཕུད་ཐབས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་གློ་བུར་རྒྱ་གར་ཕྱོགས་ལ་དམག་དཔུང་གིས་དཀའ་རྙོག་སློང་དོན་གཙོ་བོ་ནི། ལོ་ཤས་ནས་རྒྱ་གར་གཞུང་གིས་བྱང་དང་ཤར་བརྒྱུད་ཀྱི་ས་མཚམས་ཁག་ཏུ་དམག་དོན་འགྲུལ་ལམ་འཛུགས་སྐྲུན་གྱི་མཚོན་པའི་དམག་དོན་བྱ་འགུལ་རྒྱ་བསྐྱེད་གཏོང་གི་ཡོད་པ་དེར་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་དང་། ཡང་རེ་འགས་ད་ལྟ་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་ནད་ཡམས་འགོག་རྒོལ་དམག་འཐབ་ནང་ཞུགས་ཡོད་པ་དང་། ཉེ་བའི་ཆར་རྒྱ་ནག་ནང་ཡོད་པའི་ཕྱིའི་ཚོང་གཉེར་བ་མི་ཉུང་བས་རྒྱ་ནག་ཏུ་ཡོད་པའི་རང་གི་བཟོ་ཚོང་ཁང་རྣམས་སྒོ་བརྒྱབ་སྟེ། གཞན་དུ་གནས་སྤོ་བྱེད་བཞིན་པའི་སྐབས། རྒྱ་གར་གྱིས་ཆེད་དུ་བཟོ་ཚོང་བ་དེ་དག་གི་ཆེད་དུ་རྒྱ་གར་ནང་འཛུགས་སྐྲུན་སོགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུའི་ཁས་ལེན་བྱས་པར་བརྟེན། རྒྱ་ནག་གིས་ཕྱོགས་གཞན་ནས་རྒྱ་གར་གྱི་ཐག་གཅོད་དེར་རྒོལ་ལན་སྤྲད་པ་ཞིག་ཡིན་སྲིད་སྐོར་ཡང་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༠

Leave a Reply

One thought on “སྲིད་བློན་མུ་དྷི་མཆོག་ནས་ས་སོར་གང་ཡང་ཤོར་འཇུག་རྒྱུ་མིན་ཞེས་གསུངས།

  1. བསོད་ནམས་རྒྱལ་མཚན།

    (ཚོགས་འདུའི་སྟེང་སྲིད་བློན་མུ་དྷུ་མཆོག་གིས་ད་ལྟའི་ཆར་སུ་གཅིག་གིས་རྒྱ་གར་གྱི་ས་མཚམས་ནང་བཙན་འཛུལ་དང་ས་ཆ་བཙན་འཕྲོག་བྱས་པ་མེད་ལ། ངས་ཁྱེད་ཚོར་གསལ་འདེབས་ཞུ་རྒྱུར་ང་ཚོས་དམག་དཔུང་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཡོད་ལ། དེ་རིང་ང་ཚོའི་ས་ཁུལ་ནང་སུ་གཅིག་གིས་ས་སོར་གང་ཡང་བཙན་འཕྲོག་བྱེད་མི་ཐུབ་པའི་ནུས་པ་ཡོད། གྲོས་མོལ་བརྒྱུད་ནས་ང་ཚོས་རྒྱ་གར་གྱི་ལངས་ཕྱོགས་གསལ་བོ་བཟོས་ཡོད། རྒྱ་གར་གྱིས་ཞི་བདེ་དང་གྲོགས་པོ་བྱེད་འདོད་ཡོད་མོད། རྒྱལ་ཁབ་ཀྱི་ས་མཚམས་གཏན་སྲུང་ནི་ཨང་དང་པོར་འཇོག་གི་ཡོད་སྐོར་གསུངས་འདུག) འདི་ ཅོ་མོ་དི་ཡིས་གསུངས་པ་དེ་ ག་རེད་མཚོན་པ་རེད་ཟེར་ན་ བོད་ཤི་ཚར་བ་ ལང་རྒྱུ་མེད་པ་མཚོན་པ་རེད། 1954 ནས་ ཞི་མི་དཀར་ནག་གཉིས་ བོད་ཤི་ཚར་བ། ཤིན་པོའི་ཅ་ལག་བགོ་བཤའ་རྒྱག་པ་རེད། དེ་ནས་ རྒྱ་དཀར་ནག་ས་མཚམས་བཏགས་པ་རེད། ཁ་བོར་ཤོག་དེ་ ཅོ་མོ་དི་ཡིས་བཤད་པ་རེད། མྱང་ཡ་དེ་མི་སེར་ཚོ་རེད། ཡིན་ནས་ཁ་བདེན་ཚིག་ལ་གནས་མེད་ཐེ་ཚོམ་རེད། དབྱིན་ཇི་རྒྱལ་མོ་ ཁུ་སིམ་མེད་རྒྱ་གར་ལ་ལྟད་མོ་མཐོང་གི་ཡོད། ༡༽ དབྱིན་ཇིའི་རྒྱ་གར་ལ་ མཐའ་སྐོར་ནས་ཁྱི་བཏགས་ནས་ རྒྱ་གར་རང་བཙན་ཡིན་ལབ་ནས་ལོག་ཕྱིན་པ་རེད། ༢༽ དབྱིན་ཇི་ མ་འོང་པ་ཁྱིམ་ཚེ་རྒྱལ་ཁབ་ཚང་མ་ཐུག་པ་སྐོལ་ཡ་ཐེབས་རྩ་ཡང་བཞག་པ་རེད། ད་ཆ་ཐེབས་རྩ་ཕར་བཞིན་པ་རེད།