རོང་བྲག་གི་གྲོང་སྡེ་གཉིས་ཆུ་ལོག་གིས་ཡོངས་སུ་གཏོར།

བོད་རོང་བྲག་རྫོང་ཁོངས་སུ་ཆུ་ལོག་ཚབས་ཆེན་བྱུང་སྟེ་མི་གྲངས་ཁྲི་ ༣ ཙམ་ཉེན་གཡོལ་དུ་འགྲོ་དགོས་བྱུང་བ་སོགས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་རྒྱ་ནག་ནང་དུའང་ཆུ་ལོག་གིས་གནོད་པ་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༦ ནས་བཟུང་བོད་དཀར་མཛེས་དང་རྔ་བ་ཁུལ་དུ་དྲག་ཆར་བབས་ཡོད་པ་དང་།  ཕྱི་ཚེས་ ༡༨ ཉིན་བར་རོང་བྲག་རྫོང་ཨ་ཉག་སྡེ་བའི་གྲོང་སྡེ་དང་པོ་དང་། ཀོང་ཀྲུའུ་གྲོང་སྡེ་གཉིས་ཆུ་ལོག་གིས་དེད་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། རང་ལོ་༥༠ ཡིན་པའི་བོད་རིགས་སྐྱེས་པ་ཧོང་ཡུང་ཁང་དང་། རང་ལོ་ ༧༥ ཡིན་པའི་ལས་འཁྱུར་ངལ་གསོ་བྱས་པའི་སློབ་འབྲིང་དགེ་རྒན་ཟུར་པ་ཙེང་ཁྲའོ་ལིན་ཞེས་པའི་བོད་རིགས་གཉིས་གར་སོང་ཆ་མེད་དང་། མི་གྲངས་ཁྲི་ ༣ ཙམ་ཞིག་ཉེན་གཡོལ་དུ་འགྲོ་དགོས་བྱུང་། དེ་བཞིན་ས་གནས་ ༡༣ ཙམ་ལ་ཆུ་ལོག་དང་འདམ་ཉིལ་གྱི་གནོད་སྐྱོན་བྱུང་སྟེ།  ས་ཞིང་རྨི་ ༧༠༠ ལྷག་འདམ་ཉིལ་གྱིས་མནན་པའམ་ཆུ་ལོག་གིས་འཁྱེར་ཡོད་པ་དང་། འགྲོ་ལམ་སྟོང་སྨི་ ༢༢ ལྷག་བཅད་ཅིང་། ཆུ་རགས་སྤྱི་ལེ་ ༣༢ ཙམ་གཏོར་ཡོད་འདུག

བོད་དཀར་མཛེས་ཁུལ་རོང་བྲག་རྫོང་ཁོངས་སུ་ཆུ་ལོག་གི་གནོད་སྐྱོན་ཆེ་ཤོས་བྱུང་རྐྱེན་སྐོར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གྱིས། ཆུ་ལོག་བྱུང་བ་དེ་ཆར་བ་རྒྱག་རྒྱུ་མང་དྲག་པར་བརྟེན་བྱུང་བ་ཡིན་པ་གསལ་བོ་ཆགས་ཡོད་ནའང་། གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་རྒྱུ་མཚན་ནི་ས་གནས་དེར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གང་བྱུང་བྱས་པ་དང་། རི་ལུང་གང་སར་ལམ་ཁ་མང་པོ་གང་བྱུང་འཛུགས་བསྐྲུན་བྱས་པ། གཙང་བོའི་འགྲམ་རྒྱུད་དུ་ཆུ་རགས་མང་པོ་ཞིག་བརྒྱབ་ཡོད་པར་བརྟེན་བྱུང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་ཆུ་ལོག་དང་རི་ཉིལ་བའི་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༡༦ ལོ་ནས་བོད་ཁུལ་དུ་ཆར་ཆུ་འབབ་ཚད་ཆེ་རུ་ཕྱིན་ཡོད་པ་གསལ་པོ་ཡིན་པ་དང་། དེའི་རྐྱེན་གྱིས་བོད་ཀྱི་མདོ་སྟོད་སྨད་དུ་ཆུ་ལོག་མང་པོ་ཞེ་པོ་རྒྱུག་བཞིན་ཡོད་པ་རེད། དེ་ནི་ཆར་བ་མང་དུ་འགྲོ་བཞིན་པ་ཚན་རིག་གི་ཐོག་ནས་ཡོངས་གྲགས་རེད་ལ། མིག་མཐོང་ལག་ཟིན་གྱིས་མཐོང་བ་དང་ཚོར་ཐུབ་པ་མངོན་གསལ་དོད་པོ་ཞིག་རེད། ཅེས་དང་། ཡང་ཁོང་གིས། འོན་ཀྱང་། ཆར་དུས་ད་ལྟ་གཞིགས་ནས་མགོ་འཛུགས་ཀྱི་ཡོད་པར་བརྟེན། ཕྱི་ཟླ་ ༧ དང་ ༨ ནང་མུ་མཐུད་ཆར་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཙམ་དུ་མ་ཟད། དམིགས་བསལ་ཨ་མདོ་རྔ་བ་ཁུལ་དང་ཁམས་དཀར་མཛེས་ཁུལ། དེ་བཞིན་ཀན་སུའུ་འབྲུག་ཆུ་རྫོང་སོགས་སུ་ཆར་བའི་དཀའ་ངལ་འཕྲད་ངེས་པ་རེད། ཅེས་བརྗོད་བྱུང་།དེ་བཞིན་བོད་མི་མང་པོ་ཞིག་གིས་ཁུལ་དེར་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་བྱས་པའི་རྐྱེན་གྱིས་ཆུ་ལོག་བྱུང་ཡོད་སྐོར་གྱི་དོགས་སློང་བྱེད་ཀྱི་ཡོད་པ་དང་། དེའི་ཐད་ཁོང་གིས། རོང་བྲག་ཁུལ་གྱི་ཆུ་ལོག་དང་རི་ཉིལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཆར་བ་ཡིན་པ་དང་། དེ་ལ་བརྟེན་ནས་རི་ཉིལ་བ་དང་མཚོ་འཁྱིལ་ཆགས་པ་ཤེས་རྟོགས་བྱུང་བ་ལས། ཆུ་མཛོད་བྱེ་བྲག་པ་ཞིག་ཤོར་ཏེ་ཆུ་ལོག་དང་རི་ཉིལ་བྱུང་བའི་བདེན་དཔང་ཁོང་ལ་ད་སྔ་མེད་སྐོར་བརྗོད་བྱུང་།

བོད་གནས་ཉམས་ཞིབ་པ་སངས་རྒྱས་རྒྱལ་ལགས་ཀྱིས་འདི་ག་དུས་བབ་ཀྱི་གསར་འགོད་པར། རྒྱ་ནག་གཞུང་གིས་ཉེ་བའི་མི་ལོ་ ༢༠ ཙམ་གྱི་ནང་བོད་ཀྱི་གཙང་བོ་ཡོད་ཚད་ལ་ཆུ་མཛོད་བརྒྱབ་དང་རྒྱག་བཞིན་ཡོད་པས། ཐེངས་འདིའི་རོང་བྲག་གི་དེའང་རྒྱུན་ལྡན་གྱི་ཆུ་ལོག་ཞིག་ཡིན་མིན་དོགས་པ་ཡོད་པ་དང་། དེ་སྔོན་སྡེ་བ་རྩ་མེད་བཟོས་པ་ལྟ་བུའི་ཆུ་ལོག་དེ་འདྲ་བྱུང་མེད་པ་གསལ་བོ་ཡིན་པས། དེ་ནི་རྒྱུན་ལྡན་གྱི་ཆུ་ལོག་ཞིག་མིན་པ་གསལ་བོ་ཡིན་སྐོར་དང་། ལ་ལས་བཤད་ན་རི་ཉིལ་ནས་གཙང་པོ་བཀག་པས་བྱུང་པ་ཡིན་རབས་ཟེར་གྱི་ཡོད་ནའང་། དེ་དག་ལ་ཁུངས་སྐྱེལ་མེད་པས་རྒྱ་ནག་གིས་བཟོས་པའི་ཆུ་མཛོད་ཤོར་བའི་དོགས་སློང་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཉེ་བའི་ཆར་བོད་ཁུལ་གྱི་མདོ་སྟོད་སྨད་དུ་ཆར་བ་ཆེན་པོ་འབབ་བཞིན་ཡོད་པ་དང་། རྒྱ་ནག་ནང་དུའང་ཆར་བ་ཤུགས་ཆེན་འབབ་ཀྱིན་ཡོད་སྟབས། བདུན་འགའི་སྔོན་ནས་རྒྱ་ནག་གཞུང་གིས་ས་ཕྱོགས་གང་སར་ཆར་བ་དང་འབྲེལ་བའི་གོད་ཆག་ལ་རིམ་པ་ ༣ པའི་ཉེན་བརྡ་བཏང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཤིན་ཧྭ་གཞུང་འབྲེལ་དྲ་བའི་ཐོག ཉེ་ཆར་བོད་མཚོ་སྔོན་ཕྱོགས་སུ་ཆར་བ་ཤུགས་ཆེན་འབབ་བཞིན་པར་བརྟེན། འདི་ལོའི་རྨ་ཆུའི་རྒྱུད་ཀྱི་གློག་ཁང་ཁག་གི་སྐྱིལ་ཆུ་རྣམས་ཆེ་ཤོས་སུ་འགྱུར་གྱི་ཡོད་པ་དང་། འདི་ལོར་དྲག་ཆར་བབ་རྐྱེན་གྱིས་རྨ་ཆུའི་ཐང་ནེ་ཧེ་ཆུ་མཛོད་ཀྱི་མྱུར་ཚད་སྐར་ཆ་གཅིག་ལ་སྨི་གྲུ་བཞི་ལྷམ་པ་ ༢༥༠༠ རེ་ཡིན་སྐོར་བརྗོད་འདུགདེ་བཞིན་འདས་པའི་བདུན་ཕྲག་གཅིག་གི་ནང་། རྒྱ་ནག་གི་ཞིང་ཆེན་ཁག་གི་ནང་ཆར་པ་ཤུགས་ཆེན་བབས་ཏེ་གང་སར་ཆུ་ལོག་འབྱུང་གི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་རྒྱལ་ཡོངས་མྱུར་སྐྱོབ་ཚན་པའི་དྲ་ཐོག་བཀོད་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༨ བར་ཆུ་ལོག་གི་རྐྱེན་གྱིས་རྒྱ་ནག་ནང་མི་གྲངས་ ༦༣ ཙམ་རྐྱེན་འདས་སམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྒྱུ་དངོས་སོགས་ཨ་སྒོར་ཐེར་འབུམ་ ༣ མ་ཟིན་ཙམ་གྱི་གྱོང་གུད་ཐེབས་ཡོད་པ་དང་། ཧྲན་ཞི་ (Shanxi) དང་། ཧྲང་ཧེ་ (Shanghai) ། ཅང་སུའུ་(Jiangsu)། ཨན་ཧེ་ (Anhui)། ཧི་ནན་ (Henan)། ཧུའུ་པའེ (Hubei)། ཧཱུ་ནན་ (Hunan)། སི་ཁྲོན་ (Sichuan)། ཁྲུང་ཆིན་ (Chongqing)། ཀེ་ཀྲུའུ་ (Guizhou)། ཧྲན་ཞི་ (Shaanxi)། ཀན་སུའུ་ (Gansu) ཞིང་ཆེན་བཅས་སོ་སོས་ཆུ་བོ་ཆེན་པོ་ཁག་གི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ་གནོད་འཚེ་ཆེན་པོ་འབྱུང་བར་སྔོན་འགོག་དང་། ཆར་ཆུ་ལ་རྐྱེན་བྱས་ཏེ་རི་ཉིལ་བ་དང་གཙང་བོ་རྒྱས་པ། གྲོང་ཁྱེར་གྱི་ས་འོག་ཆུ་ལམ་སོགས་ལ་དོ་དམ་བྱེད་དགོས་སྐོར་གྱི་འབོད་སྐུལ་བྱས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༢༠

Leave a Reply