དྲ་ལམ་ཐད་གཏོང་བརྒྱུད་སེམས་དང་སྲོག་གི་བགྲོ་གླེང་མཛད།

དེ་རིང་སེམས་དང་སྲོག་གི་བགྲོ་གླེང་སྐབས་༧གོང་ས་མཆོག་ནས་འཕྲུལ་ཆས་ཀྱི་གྲོགས་ལ་བརྟེན་ནས་འཛམ་གླིང་འདིའི་ནང་གནས་པའི་མི་མང་པོ་ཞིག་ལ་སྙོབ་ཐུབ་ཀྱི་ཡོད་པས་དེང་དུས་ཀྱི་འཕྲུལ་ཆས་འདི་ཕན་ཐོགས་པོ་ཞེ་དྲགས་འདུག་ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པ་ནས ༩ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད། ཨ་རིའི་གྲོང་ཁྱེར་ཝི་སི་གོན་སན་མཱེ་ཌི་སན་(Wisconsin–Madison) གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་དང་དབང་རྩ་རིག་པའི་སློབ་དཔོན་ཆེན་མོ། སློབ་གཉེར་ཁང་དེའི་སེམས་ཁམས་བདེ་གནས་ཀྱི་བསྟི་གནས་ཁང་གི་དབུ་འཛིན་ཚན་རིག་པ་གྲགས་ཅན་རེ་ཆི་ཌཱ་ཝིཌ་སན་ལགས་(Richie Davidson)ལགས་དང་ལྷན་དུ་སེམས་དང་སྲོག་གི་བགྲོ་གླེང་གནང་སོང་བ་དང་།  ཀཱ་རོ་ལའེ་ཇེ་ཁོ་ཕུ་སུ་(Carolyn Jacobs)ལགས་ཀྱི་གཙོ་སྐྱོང་འོག སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྦྱིན་བདག་ཁག་ཅིག་དང་ཆེད་མཁས་ཚན་རིག་པ་ཁག་ཅིག་ཐད་གཏོང་ནང་མཉམ་ཞུགས་གནང་འདུག

ཐད་གཏོང་གི་ཐོག་མར་༧གོང་ས་མཆོག་ནས་སེམས་དང་སྲོག་གི་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོར་འཚམས་འདྲི་དང་སྦྲགས་ཁོང་གིས། ནམ་རྒྱུན་ལྡན་མི་མང་པོར་ཐུག་འཕྲད་སྐབས་ང་ལོ་ག་ཚོད་རེད་འདུག་གམ་ཞེས་དྲིས་དུས། མང་པོ་ཞིག་གིས་ལོ་ ༦༠ དང་ ༧༠ རེད་ཅེས་ལན་རྒྱག་གི་འདུག ད་ལྟ་ངོས་རང་ལོ་ ༨༥ ཡིན་ཡང་གཟུགས་པོའི་གནས་སྟངས་ཆ་ནས་ཧ་ཅང་བདེ་ཐང་ཡིན། རྒྱུ་མཚན་ནི། ངོས་ཀྱི་སེམས་ཁམས་སྐྱིད་པོ་ཡོད་པར་བརྟེན།  སྤྱིར་བཏང་ཁྱེད་རང་ཚོ་ཆ་ཚང་ལ་རྒྱུས་ཡོད་པ་རེད། ངོས་རང་གིས་རྒྱུན་ལྡན་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཀྱི་ཡོད། ངོས་རང་གི་རྨི་ལམ་གཙོ་བོ་དེ། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས།  །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་སྨོན་ལམ་འདི་རྟག་ཏུ་རྒྱག་བཞིན་ཡོད། མི་ཚེ་འདིའི་ནང་བྱང་ཆུབ་ཀྱི་སེམས་སྒོམ་ནས་རང་དང་གཞན་གཉིས་ལ་ཕན་ཐོགས་ཤིག་ཡོང་ན་བསམ་པ་ནང་བཞིན། མིར་ཕན་ཐོགས་ཡོང་གི་ཡོད་པའི་ཚོར་སྣང་འདུག ཅེས་གསུངས།

ཡང་སེམས་དང་སྲོག་གི་བགྲོ་གླེང་སྐོར་ལ་༧གོང་ས་མཆོག་གིས། སེམས་དང་སྲོག་གི་ཚོགས་པ་དེ་ལ་བརྟེན་ནས་ང་ཚོས་ལོ་མང་རིང་ཚོགས་འདུ་མང་པོ་ཚོགས་ཐུབ་ཡོད། སྐབས་དེ་དུས་ཚན་རིག་པ་མང་པོ་ལྷན་དུ་མཉམ་མྱོང་དང་ཤེས་ཡོན་བརྗེ་ལེན་བྱས་ཏེ། འཇིག་རྟེན་སྤྱི་ལ་ཕན་ཐོགས་དང་ཤེས་བྱ་རྒྱ་སྐྱེད་ཡོང་བར་ཞབས་འདེགས་ཞུ་རྒྱུ་དང་། དེ་ལ་བརྟེན་ནས་འགྲོ་བ་མིའི་སེམས་ནང་བདེ་སྐྱིད་བསྐྲུན་ཐུབ་པ་མང་པོ་བྱུང་ཡོད་པ་རེད། ད་ལྟ་ང་ཚོ་གཟུགས་པོའི་ཆ་ནས་ཐག་རིང་པོ་ཡོད་ནའང་། འཕྲུལ་ཆས་ཀྱི་གྲོགས་ལ་བརྟེན་ནས་འཇིག་རྟེན་འདིའི་ནང་གནས་པའི་མི་མང་པོ་ཞིག་ལ་སྙོབ་ཐུབ་ཀྱི་ཡོད། དེང་དུས་ཀྱི་འཕྲུལ་ཆས་འདི་ཕན་ཐོགས་པོ་ཞེ་དྲགས་འདུག ཅེས་སོགས་གསུངས་སོང་།བགྲོ་གླེང་ནང་མཉམ་ཞུགས་པ་ཇཱེ་ཁོ་བྷི་སི ( Keranlan Jecobs) ལགས་ཀྱིས། ད་ལྟའི་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཇི་ལྟར་སེལ་དགོས་པ་དང་བདེ་སྐྱིད་ཇི་ལྟར་བསྐྲུན་དགོས་སྐོར་བཀའ་འདྲི་ཞུས་པར། ད་ལྟ་འཛམ་གླིང་ནང་གི་དཀའ་ངལ་མང་ཆེ་བ་མིས་བཟོས་པའི་དཀའ་ངལ་རང་ཆགས་ཀྱི་ཡོད། དཔེར་ན་ཨ་རིའི་ནང་མི་རིགས་དབྱེ་འབྱེད་བྱས་ཏེ་མི་རིགས་ནག་པོར་མཐོང་ཆུང་བྱེད་བཞིན་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ངོས་ནས་བསམ་བློ་བཏང་བ་ཡིན་ན་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་དེ་ང་ཚོའི་བསམ་བློ་འཁྱེར་སོར་རག་ལས་ཀྱི་ཡོད། དེར་བརྟེན། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བསམ་བློ་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད། ངོས་ལ་ཆ་མཚོན་ན། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ནི་ངོས་ཀྱི་དམ་བཅའ་བཞིའི་ནང་གི་གཅིག་ཆགས་ཡོད། ང་ཚོ་སྐྱེ་སྟངས་དང་ཤི་སྟངས་གཅིག་མཚུངས་ཡིན་པ་དང་། གསོན་པའི་རིང་ལ་གཟུགས་པོའི་ཆ་ནས་མི་འདྲ་བ་ཡིན་ནའང་བསམ་བློའི་འཚོ་བའི་གནས་སྟངས་ཆ་ནས་གཅིག་གྱུར་ཡིན་པ་རེད། དངོས་ཡོད་གནས་ཚུལ་ལ་ཆ་བཞག་པ་ཡིན་ནའང་། ང་ཚོས་རང་དང་གཞན། ཁོ་ཚོའི་ཚོགས་པ་དང་ཁྱེད་ཚོའི་ཚོགས་པ་ཞེས་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེན་པོ་བཅིངས་པ་ཡིན་ན། ད་ལྟའི་དཀའ་ངལ་འདི་ལྟ་བུ་འབྱུང་གི་ཡོད་པ་རེད། བསམ་བློ་གཏོང་སྟངས་དེ་འདས་པའི་བསམ་བློ་གཏོང་སྟངས་ཤིག་ཆགས་ཀྱི་ཡོད། སྔར་ཡིན་ན་རྒྱལ་ཕྲན་གྱིས་འཛམ་གླིང་ལུང་པ་ཆུང་ཆུང་སྐྱོང་སྐབས། ང་ཚོའི་རྒྱལ་པོ་དང་ལུང་པ། ང་ཚོའི་མི་ཞེས་དབྱེ་འབྱེད་ཀྱི་བསམ་བློ་གཏོང་གི་ཡོད།  ད་ལྟའི་དུས་ལ་དེ་བསམ་བློ་རྗེས་ལུས་ཅན་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ད་ལྟ་ང་ཚོས་སེམས་ཅན་ཐམས་ཅད་གཅིག་གྱུར་གྱི་བསམ་བློ་དང་ལྷག་པར་དུ་འཛམ་གླིང་འདིའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

དེའི་རྗེས་ཚན་རིག་པ་རེ་ཆི་ཌཱ་ཝིཌ་སན་ལགས་ཀྱིས། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འོག རྒྱ་ནག་མི་མང་བརྒྱ་ཆ་ ༥༤ སེམས་ནད་ཡོད་པ་དང་། ཨ་རིའི་ནང་ལོ་ན་ ༤༥ གོང་གི་མི་རིགས་ནག་པོར་ཏོག་དབྱིབས་གཉན་རིམས་འགོས་ཚད་མི་རིགས་དཀར་པོ་ལས་བརྒྱ་ཆ་ ༡༠ མང་བ་ཡོད་པའི་ཞིབ་འཇུག་གྲུབ་དོན་སོགས་ལུང་འདྲེན་བྱས་པ་དང་བསྟུན། ཏོག་དབྱིབས་གཉན་རིམས་འདི་སེམས་ཁམས་དང་འབྲེལ་བའི་ནད་ཡམས་ཤིག་ཏུ་གྱུར་ཡོད་པས། ཏོག་དབྱིབས་ནད་ཡམས་དང་འབྲེལ་སེམས་ཀྱི་དཀའ་ངལ་སེལ་ཐབས་སྐོར་ལ་བཀའ་སློབ་ལམ་སྟོན་ཞིག་གནང་དགོས་པའི་སྐྱབས་འཇུག་ཞུས་པར་༧གོང་ས་མཆོག་གིས། ཏོག་དབྱིབས་གཉན་རིམས་སྐོར་ལ་ཚན་རིག་པས་ཞིབ་འཇུག་བྱེད་བཞིན་ཡོད་པས་ཞིབ་འཇུག་མུ་མཐུད་བྱེད་དགོས་པ་དང་། ནད་ཡམས་འདི་ནད་འབུ་ཕྲ་མོ་ལ་བརྟེན་ནས་བྱུང་བ་དང་། ནད་འབུ་དེ་ལ་བརྟེན་ནས་སྡུག་བསྔལ་སེལ་ཐབས་ཤིག་ང་ཚོའི་ལུས་པོ་ལའང་ནད་འབུ་སྔོན་འགོག་ནུས་པ་ཏན་ཏན་ཡོད་པ་རེད། དེའི་ཐོག་ལ་ཚན་རིག་པ་མཁས་པ་ཚོས་ཞིབ་འཇུག་བྱེད་བཞིན་པ་རེད། ངོས་རང་གིས་བསམ་ན་ང་ཚོའི་བསམ་བློའི་གནས་སྟངས་དང་ནད་ཡམས་གཉིས་བར་འབྲེལ་བ་ཅུང་ཙམ་རེ་ཡོད་པ་རེད། བསམ་བློ་ལྷོད་པོ་དང་སེམས་ནང་གདེང་ཚོད་ཡོད་པ་ཡིན་ན་ན་ཚ་གསོས་པ་དང་མ་འགོས་པར་ཏན་ཏན་ཕན་ཐོགས་ཀྱི་ཡོད། སེམས་ནང་དངངས་སྐྲག་དང་མ་སྐྱིད་པ་ཡོད་དུས་ནད་འབུ་དེ་གཟུགས་པོའི་ནང་འཛུལ་བ་ཡིན་ན་ཡར་འཕེལ་རྒྱུ་ལས་སླ་བོ་ཡོད་པ་ང་ཚོའི་བསམ་བློའི་གནས་སྟངས་ཐོག་ནས་ཡོང་གི་ཡོད།དེར་བརྟེན། བསམ་བློའི་གནས་སྟངས་བརྟན་པོ་ཡོད་པའི་མིར་ལུས་རྟེན་གྱི་ཆ་ནས་ནད་འབུར་གདོང་ལེན་བྱེད་པའི་ནུས་ཤུགས་ཆེ་བ་ཡོད་བསམ་གྱི་འདུག ཡང་སྒོམ་དང་འབྲེལ་ནས་ཁྱད་པར་ཞིག་འགྲོ་ཡི་རེད་དྲན་གྱི་འདུག དེང་དུས་ཕྱིའི་དངོས་ཁམས་རིག་པ་དང་འབྲེལ་བའི་ཚན་རིག་པ་དང་དངོས་པོ་ཡར་རྒྱས་དང་འབྲེལ་བའི་འཇིག་རྟེན་འདིའི་ནང་། སྒོ་ལྔའི་དབང་པོ་དང་འབྲེལ་བའི་བདེ་སྡུག་མ་གཏོགས་ནང་སེམས་དང་འབྲེལ་བའི་བདེ་སྡུག་ལ་བསམ་བློ་གཏོང་གི་མེད་པ་རེད། ཅེས་གསུངས།

ཡང་འཛམ་གླིང་ནང་གཞོན་སྐྱེས་མང་པོ་ཞིག་དྲག་གནོན་དང་གཞུང་གི་ལངས་ཕྱོགས་སོགས་ཀྱི་ཁ་གཏད་དུ་ལངས་ཏེ་ངོ་རྒོལ་དང་མནར་གཅོད་མྱོང་བཞིན་ཡོད་པར་༧གོང་ས་མཆོག་གིས། འཛམ་གླིང་འདི་ག་དུས་ཡིན་ཡང་འགྱུར་བ་འགྲོ་ཡི་ཡོད། ནང་གི་སློབ་སྦྱོང་དང་ལྷག་པར་དུ་ཚན་རིག་སློབ་སྦྱོང་དང་འབྲེལ་བའི་ཐོག་ནས་ད་ལྟའི་འཛམ་གླིང་འདི་ལོ་ངོ་བརྒྱའི་གོང་གི་འཛམ་གླིང་དང་བསྡུར་བ་ཡིན་ན་ཏན་ཏན་འགྱུར་བ་ཆེན་པོ་ཕྱིན་ཡོད། དུས་རབས་ཉི་ཤུ་བ་དེ་དམག་གི་དུས་རབས་ཤིག་ཆགས་ཡོད་པ་དང་དཀའ་ངལ་ཞིག་འཕྲད་ཡོང་དུས་མེ་མདར་ལག་པ་འཆང་དགོས་པའི་དུས་རབས་ཤིག་ཆགས་པ་རེད།  ད་ལྟ་དུས་རབས་ཉེར་གཅིག་པའི་ནང་མི་ཕལ་མོ་ཆེར་དཀའ་ངལ་ཞིག་འཕྲད་ཡོང་དུས། མི་ཚང་མས་ཕན་ཚུན་སྐད་ཆ་བཤད་དེ་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་ལ། ངོས་ནས་སྐད་ཆ་བཤད་ནས་དཀའ་ངལ་སེལ་དགོས་པའི་དུས་རབས་ཤིག་ཡིན་པ་ནམ་རྒྱུན་བཤད་བསྡད་ཡོད། འདས་པའི་དུས་རབས་ནང་རང་རྒྱལ་གཞན་ཕམ་གྱིས་མི་ཁྲི་ཕྲག་མང་པོའི་སྲོག་ཤོར་བ་དང་། དམག་འཁྲུག་མང་པོ་བརྒྱབ་སྟེ་དཀའ་ངལ་དེ་འདྲའི་ནང་ཞུགས་མྱོང་བའི་མི་ད་ལྟའང་ཡོད་དུས། ང་ཚོས་འདས་པ་ལས་བསླབ་བྱ་བླངས་ཏེ་དཀའ་ངལ་ག་རེ་འཕྲད་ཀྱང་སྐད་ཆ་བཤད་ནས་སེལ་ཐབས་བྱེད་དགོས་ཀྱི་ཡོད། ངོས་རང་གི་དམིགས་ཡུལ་ལ་ཆ་བཞག་ན། མཐར་གཏུག་ན་སློབ་གསོའི་ཐོག་ནས་གྲོས་མོལ་བྱེད་པའི་བསམ་བློའི་འཁྱེར་སོ་ཞིག་བསྐྲུན་རྒྱུ་དཔེ་གལ་ཆེན་པོ་མཐོང་གི་ཡོད། འདོད་མོས་ཡོད་མེད་ལ་མ་ལྟོས་པར་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་ཕན་ཚུན་གཤིབ་ནས་འདུག་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། མཐར་གཏུག་ན་འཛམ་གླིང་འདི་དམག་འཁྲུག་དང་མཚོན་ཆ་མེད་པའི་འཇིག་རྟེན་ཞིག་ཏུ་འགྱུར་བར་རེ་བ་རྒྱག་གི་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༢༠

Leave a Reply