ལོག་བཤད་ནག་པོ་དགུ་སྦྱོར་གྱི་དཔྱད་ལན་རིན་ཆེན་མང་སྦྱོར། ཚན་པ་གཉིས་པ།

རིགས་པ་སྨྲ་བ་ཆོས་སྐྱོང་རྒྱ་མཚོ།

ཡང་ལོག་བཤད་དེ་ལས། ཡང་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུངས་དབྱངས་ཀྱིས་གོ་བར་མཛད་དེ། ཞེས་པ་ཁུངས་སུ་བྱས་ནས། ཞེས་སོགས་དང་། ཡང་ལས་བྱེད་པ་རྣམས་ན་རེ། བྱང་སེམས་ཀྱི་སྡོམ་པ་ཡང་རྟེན་གྱི་དྲུང་ནས་ཐོབ་པ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་རོ། །ཞེས་ནན་བརྗོད་བྱེད་སྟངས་འདིའི་ཤུགས་ལ། དྲ་ལམ་ནས་དབང་བསྐུར་ཐོབ་ནུས་པ་མ་ཟད། འདྲ་སྐུ་སོགས་ཀྱི་མདུན་ནས་ཀྱང་ཐོབ་ནུས་ཞེས་དོན་གྱིས་འདོད་པར་འདུག་ན། ཞེས་སོགས་སྨོས་པ་ལ། བཀའ་ཡིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུངས་དབྱངས་ཀྱིས་གོ་བར་མཛད་དེ་ཆོས་བསྟན་པ་དང་། བྱང་སེམས་ཀྱི་སྡོམ་པ་རྟེན་གྱི་དྲུང་ནས་ཐོབ་པ་གཉིས་དཔེར་གསུངས་པ་ཡང་། ཚད་མེད་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་དྲུང་དུ་དངོས་སུ་མེད་ཀྱང་སངས་རྒྱས་ཀྱི་གསུང་དབྱངས་ཀྱི་སྟོབས་ཀྱིས་སངས་རྒྱས་སྐུ་དངོས་ལས་ཆོས་མཉན་པའི་སྐལ་བ་ཐོབ་པ་དང་། བྱང་སྡོམ་ལེན་པ་པོ་རང་གི་བླ་མའི་མདུན་དུ་དངོས་སུ་མེད་ཀྱང་རྟེན་གྱི་དྲུང་ནས་བླངས་ཏེ་རང་གི་བླ་མའི་མདུན་ནས་དངོས་སུ་བླངས་པ་ལྟ་བུའི་སྐལ་བ་ཐོབ་པ། ད་ལྟའི་དད་ལྡན་སློབ་མ་རྣམས་རྡོ་རྗེ་སློབ་དཔོན་༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་དངོས་ཀྱི་དྲུང་དུ་མེད་ཀྱང་དྲ་ལམ་ནས་ཐད་ཀར་ཞལ་མཇལ་གསུང་ཐོས་སོགས་ཀྱི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ལས་བཀའ་དབང་ཐོབ་པ་རྣམས་ཐོབ་པ་ཙམ་དུ་འདྲ་བའི་ཆ་ནས་དཔེ་དོན་སྦྱར་བ་ལས། སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་གོ་བར་མཛད་སའི་སེམས་ཅན་དང་ད་ལྟའི་དད་ལྡན་སློབ་མ་རྣམས་ཆ་ཀུན་ནས་འདྲ་བའི་ཆ་ནས་དཔེ་དོན་སྦྱར་བ་མིན་ནོ།།

དེའི་ཕྱིར་དབང་ཚད་ཆེ་བའི་ལས་བྱེད་པ་རྣམས་ཀྱིས་ངེད་ཅག་ཕྱོགས་ཀུན་ནས་མཚུངས་སོ་ཞེས་མི་སྨྲ་བའི་ངེས་པ་ཡོད་མེད་དང་། དེ་དག་ལ་ཏིང་ངེ་འཛིན་གྱི་ནུས་པ་ཡོད་མེད། དེ་དག་གི་རྒྱུད་སྨིན་མ་སྨིན། དེ་དག་ལ་དབང་ལུང་མན་ངག་གི་རྒྱུན་འཐུད་ནུས་སྙམ་པའི་འདྲ་མཉམ་གྱི་ལྟ་བ་ཉམས་དགའ་བ་རེ་སྐྱེས་མ་སྐྱེས་སོགས་ཀྱི་དཔྱད་པ་རེ་ཞིག་ཞོག །བྱ་རོག་གི་སོ་རྟོག་པ་བཞིན་དུ་དེ་ལ་དགོས་པ་གང་ཡང་མ་མཆིས། དེ་བས་བློ་ཁ་ནང་དུ་སྐོར་དང་། འཇིག་རྟེན་གཏམ་དཔེར། ཚིག་དྲིས་ན་མེད་ཀྱང་ཞོར། ཟེར་བ་ལྟར། ལོག་བཤད་ནག་པོ་དགུ་སྦྱོར་དུ་དེ་རིང་གི་རྒྱལ་བ་དོན་གྱི་བདག་པོས་རང་རེ་རྣམས་ལ་དྲ་ལམ་ནས་དབང་གནང་བ་ཞེས་ཁ་ནས་ཐལ་ཞིང་ལག་ནས་བྲིས་པར་བརྟགས་ན། ཨ་ཙི། ཁ་ཕྱིར་བལྟས་ཁྱོད། བླ་མའི་ཞལ་ནས་མན་ངག་གི་གླ་རྩི་བླངས་ཤིང་བླ་མ་གླ་རོ་ལྟར་དོར་བ་ཞིག་ཡིན་འདུག་པས། མདོ་ཏིང་ངེ་འཛིན་རྒྱལ་པོ་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། བླ་མ་ལྔ་བཅུ་པ། དགྲ་ནག་དཀའ་འགྲེལ་སོགས་ལས་བསྟེན་ཚུལ་ལོག་པའི་རྣམ་སྨིན་གསུངས་པར་ཞིབ་ཏུ་མནོ་བསམ་རེ་བཏང་སྟེ། སྙིང་ཁོང་རུས་པའི་གཏིང་ནས་འགྱོད་ཅིང་བཤགས་པའི་དུས་ལ་བབ་འདུག་གོ །

གཞན་ཡང་། འདྲ་སྐུ་སོགས་རྟེན་དང་དྲ་ལམ་གཉིས་སྒོ་ཀུན་ནས་མཚུངས་པའི་ཆ་ནས་ཀྱང་དཔེ་དོན་སྦྱར་བ་མིན་པས། དོན་གྱིས་འདྲ་སྐུ་སོགས་ཀྱི་མདུན་ནས་ཀྱང་དབང་ཐོབ་པར་འདོད་པ་སུ་ཡང་མེད་ཅིང་། གལ་ཏེ་ཡོད་ན་ཁ་ཕྱིན་ཅི་ལོག་པ་ཁྱོད་ཉིད་གཅིག་པུ་ཡིན་ངེས་ན། པར་རིས་སོགས་རྟེན་གང་བྱུང་ལས་རྡོ་རྗེའི་བཀའ་དབང་རྣམས་ཁྱོད་ཀྱིས་ཞུས་ཤིག །འཇུག་པ་ལས། །བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པ་ལྟར། ༸གོང་ས་༸རྒྱལ་བའི་དབང་པོའི་མཛད་འཕྲིན་འཛམ་གླིང་མཐའ་དབུས་ལ་རྒྱས་ཏེ་སྟབས་མ་ལེགས་པར་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ལས་མེད་དུ་འགྱུར་བ་དང་དབང་རྒྱུན་དང་ལུང་རྒྱུན་འགར་ཁུངས་ཅི་ཡང་མེད་པར་གྲོང་ལ་འཁྱམ་པའི་བྱི་ཕྲུག་ལྟར་འགྱུར་ན། དེ་ནི་རྡོ་རྗེ་སློབ་དཔོན་ཁོའི་སྔོན་གྱི་སྨོན་ལམ་དང་དགེ་རྩས་རྒྱབ་མ་ཁྱོག་པ་དང་ལྟོས་བཅས་གདུལ་བྱའི་བསོད་ནམས་ཀྱིས་མ་འཆུན་པ་ཉིད་ལས་གཞན་ལ་ལྕེ་རྟེན་ཅི་ལ་བྱེད། ཕྲག་དོག་མཁྲེགས་བཟུང་ཁྱོད་ཀྱི་བྱེད་བབ་ལ་བལྟས་ན། ཁྱོད་ཀྱིས་ཉན་བསམ་དང་གོ་རུང་ལ་ལས་བྱེད་པ་རྣམས་ཀྱིས་ཉན་བསམ་དང་གོ་མི་རུང་བའི་ལས་ཆོག་གི་དཀའ་གནད་ཅིག་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཁེགས་སོ།།

ཡང་ལོག་བཤད་དེ་ལས། ཚད་ལྡན་གྱི་རྒྱུད་གཞུང་དུ་མར་སློབ་མའི་གྲངས་ཚད་འཛིན་ཚུལ་གསལ་བཞིན་དུ། དེ་ལྟའི་ཕྱག་ལེན་དོན་ལ་མ་བབས་པར། བར་སྐབས་སུ་བསྒྲུབ་བྱ་གང་མང་ལ་དབང་གནང་བའི་ལུགས་ངན་རྒྱ་ཁྱབ་ཏུ་དར་བ་དེ་ནོར་མེད་འཁྲུལ་མེད་དུ་སུས་ཁས་བླངས། ཞེས་སོགས་ཟེར་བ་ལ། དབང་དོན་དེ་ཉིད་ཡང་གསལ་ལས། དཀྱིལ་ཆོག་རྡོ་རྗེ་ཕྲེང་བར། སློབ་མ་གཅིག་གམ་གཉིས་སམ་མང་པོ། ཞེས་གསུངས་པ་ལ། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་མཚན་ཉིད་དང་ལྡན་པ་འདུལ་བའི་དགོས་པ་ཁྱད་པར་ཅན་དང་འབྲེལ་བ་ལ་ནི། རིགས་ལྡན་ཆེན་པོ་འཇམ་དཔལ་གྲགས་པས་དྲང་སྲོང་ཉི་མའི་ཤིང་རྟ་སོགས་བྱེ་བ་ཕྲག་ཕྱེད་དང་བཞི། དུས་ཀྱི་འཁོར་ལོའི་བློས་བསླངས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ལྟ་བུའི་དམིགས་བསལ་ཀྱང་ཡོད་མོད། སྤྱིར་སྔགས་རིམ་ཆེན་མོ་ལས། དེ་ལྟ་ནའང་བོད་ཀྱི་བླ་མ་མཁས་པ་རྣམས་ཀྱི་ཕྱག་ལེན་ལ་སྤྱི་རྒྱུད་ལྟར་མཛད་པར་སྣང་བ་བཞིན་དུ་བྱ་ལ། ཞེས་རྗེ་རྒྱལ་བ་གཉིས་པའི་དགོངས་པ་སྒྲ་དྲང་ཐད་དུ་འགྲེལ་བ་ལྟར་ན། རྗེའི་དགོངས་ཚོད་ལ་གསང་བ་སྤྱི་རྒྱུད་ལས་སློབ་མ་ལ་གྲངས་ཚད་གསུངས་པ་ནི་བོད་ཀྱི་བླ་མ་མཁས་པ་རྣམས་ཀྱི་ཕྱག་ལེན་ལྟར་སྤྱིར་བཏང་དང་། རྡོར་ཕྲེང་ལས་སློབ་མ་ལ་གྲངས་ཚད་མེད་པར་གསུངས་པ་ནི་དམིགས་བསལ་ཡིན། རྗེའི་དགོངས་ཚོད་ཀྱི་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་འདི་འདྲ་བ་ས་སྐྱ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་སོགས་ཀྱི་གསུང་ན་ཡང་ཡོད་པས། རྗེས་བོད་ཀྱི་བླ་མ་མཁས་པ་རྣམས་ཀྱི་ཕྱག་ལེན་ལ་ཞེས་པ་དཔལ་ལྡན་ས་སྐྱའི་མཁས་པ་སྔ་མ་རྣམས་ཀྱི་རྒྱུད་རྒྱ་གཞུང་གི་དགོངས་པ་འགྲེལ་སྲོལ་ལ་དགོངས་པ་ཡིན་ནོ།།

དེས་ན་གོང་དུ་དྲངས་པའི་རྡོར་ཕྲེང་གི་ལུང་དང་། གཞན་ཡང་རྣམ་སྣང་མངོན་བྱང་ལས། གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་དང་། དེའི་ཐད་ཀྱི་སངས་རྒྱས་གསང་བའི་འགྲེལ་པ་ལས་ཀྱང་། ལྷག་ཀྱང་རུང་ཞེས་པ་ནི་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་མང་བ་དཀོན་པ་སྟེ། བརྒྱ་ལ་དེ་ལྟ་བུའི་མཚན་ཉིད་དང་ལྡན་ན་དེ་ལས་ལྷག་སྟེ་གྲངས་མེད་པ་ཡོད་ན་ཡང་ཉེས་པ་མེད་དོ། །ཞེས་རྒྱུད་དང་རྒྱ་གཞུང་དུ་མར་དམིགས་བསལ་ལ་ཚད་ལྡན་སློབ་མ་ལ་གྲངས་ཚད་མེད་པར་གསུངས་པ་ཉི་མ་ཤར་བ་ལྟར་གསལ་བཞིན་དུ། དམིགས་བསལ་ལ་སློབ་མ་ལ་གྲངས་ཚད་མེད་པའི་ཕྱག་ལེན་རྒྱང་རིང་དུ་དོར་ནས། བར་སྐབས་སུ་སློབ་མ་གྲངས་ཚད་གང་ཉུང་ཉུང་ཁོ་ན་ལ་དབང་གནང་བའི་ལུགས་ངན་རྒྱ་ཁྱབ་ཏུ་དར་བ་དེ་ནོར་མེད་འཁྲུལ་མེད་དུ་སུས་ཁས་བླངས། ཞེས་དྲིས་ན། འཆོལ་པོ་ཁྱོད་ཀྱིས་ལན་ཅི་འདེབས། དེ་ནི་ཁྱོད་ཀྱིས་གོང་དུ་ངག་འཁྱལ་ལྟག་ཆོད་འབའ་ཞིག་བཤད་པའི་རྣམ་སྨིན་ཐོག་ཏུ་བབས་པ་ཁོ་ནའོ།།

གཞན་ཡང་། རྒྱུད་སྡེ་སྤྱི་རྣམ་ལས། སྣོད་དུ་རུང་མི་རུང་བརྒྱ་ཕྲག་དུ་མ་ལ་དུས་རེར་དབང་བསྐུར་བྱེད་པ་སྣང་སྟེ་ནོར་བ་ཆེན་པོའོ། །ཞེས་སྤྱིར་བཏང་ནས་གསུངས་པ་ཁུངས་སུ་དྲངས་ནས་དམིགས་བསལ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་སྐུ་དངོས་ཀྱིས་སྡོམ་པ་ལ་དོན་གཉེར་ཆེ་ཞིང་རྡོ་རྗེ་ཐེག་པ་ལ་དད་པ་བརྟན་པའི་གནམ་འོག་གི་སློབ་མ་རྣམས་ལ་དྲ་ལམ་ནས་ཐད་ཀར་ཁྲོམ་དབང་གནང་བ་འགོག་པ། རྒྱུད་སྡེའི་དགོངས་པ་དང་མཐུན་ཞིང་རྡོ་རྗེ་ཐེག་པའི་བསྟན་པ་ལ་དག་ཐེར་བླ་མེད་དུ་རློམ་པ་ནི། སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་ཙམ་ཡང་འབྱེད་མ་ཤེས་པས་ནོངས་པར་འདུག་ན། རྒྱུད་དོན་ལ་ཅུང་ཟད་སྦྱངས་པ་ཞིག་གིས་བལྟས་ན་དེ་ལས་བཞད་གད་ཆེ་བ་ཅི་ཞིག་ཡོད། ཁྱོད་ཀྱི་དེ་ནི་བྱང་ཁ་ན་འབྲོང་མེད་པས་ལྷོ་ཁ་ན་སྟག་མེད་པར་སྒྲུབ་པ་བཞིན་ནོ།།

གཞན་ཡང་། སྔགས་རིམ་ཆེན་མོ་ལས། དེ་ཡང་མཚན་ཉིད་དེ་དག་ཚང་བ་ནི། རྡོ་རྗེ་སེམས་དཔའ་དང་འདྲ་བས་དཀོན་པའི་ཕྱིར་གྲངས་ཀྱི་ཚད་དེ་ལྟར་གསུངས་ཏེ་དབང་བསྐུར་བའི་དབང་དུ་མཛད་པའོ། །ཞེས་གསུངས་པ། བཀའ་ཡིག་ཏུ་རྒྱུད་སྨིན་པའི་སློབ་མ་ཚད་ལྡན་སྟོང་ཕྲག་སོགས་དུས་གཅིག་ཏུ་འབྱུང་མི་ཆོག་པའམ་བྱུང་ཡང་དེ་དག་གི་དོན་བྱ་མི་རུང་བར་འགྱུར་བས་སྟོན་པའི་དགོངས་པ་དེ་ལྟ་བུའི་གུ་དོག་ཅན་ཞིག་ཡིན་ག་ལ་རིགས། ཞེས་པ་མི་འཐད་པའི་ཤེས་བྱེད་དུ་དྲངས་པ་ནི། གཞུང་དོན་མ་རྟོགས་བཞིན་དུ་དྲངས་པའི་འཐོམས་བཤད་འབའ་ཞིག་སྟེ། རྣམ་སྣང་མངོན་བྱང་ལས་བླ་མ་ལ་དད་པ་སོགས་ཡོན་ཏན་བཅུ་དང་ལྡན་པའི་སློབ་མ་རྡོ་རྗེ་སེམས་དཔའ་དང་འདྲ་བས་དཀོན་པའི་ཕྱིར་བཅུ་མན་ཆད་ཀྱི་གྲངས་ཚད་གསུངས་ལ། གལ་ཏེ་བླ་མ་ལ་དད་པ་སོགས་ཡོན་ཏན་བཅུ་དང་ལྡན་པའི་སློབ་མ་མི་དཀོན་པར་མང་པོ་ཡོད་ན་རྣམ་སྣང་མངོན་བྱང་ལས་གྲངས་ཀྱི་ཚད་མ་གསུངས་ཞེས་པ། སྔགས་རིམ་ཆེན་མོའི་རྡོ་རྗེའི་ཚིག་དེའི་དངོས་ཤུགས་ཀྱི་བསྟན་ཚོད་ཡིན་པས། དམིགས་བསལ་བཞེད་པ་རྣམས་ཀྱི་རྒྱབ་རྟེན་དུ་སོང་འདུག་གམ། སྤྱིར་བཏང་ཁོ་ན་འདོད་པའི་གུ་དོག་ཁྱོད་ཀྱི་རྒྱབ་རྟེན་དུ་སོང་འདུག །བཀའ་ཡིག་གི་ཚིག་དེ་རང་ཉིད་དཀར་འདོན་བྱེད་སྤྱད་དུ་བཀོད་པ་ཞིག་ཡིན་ནམ། དཀར་འདོན་བྱེད་མི་དགོས་པར་རང་བཞིན་གྱིས་དཀར་པོ་ཡིན། གཞུང་གོང་འོག་སྒྲིགས་ལ་ཡང་ཡང་དཔྱོད་ཅིག །ཀྱེ་ནག་པོ་དགུ་སྦྱོར་ཟོས་པ་མ་ཡིན་ནམ།

གཞན་ཡང་། སྔགས་རིམ་ཆེན་མོའི་རྡོ་རྗེའི་ཚིག་དེའི་དངོས་ཤུགས་ཀྱི་བསྟན་ཚོད་དེ་ལྟར་ཡིན་པ་ཡང་བཀའ་ཡིག་ལ་ཞེ་ཕུགས་བཅོལ་ནས་དམ་བཅའ་བཙན་ཐབས་སུ་བཟུང་བ་ཞིག་གཏན་ནས་མིན་ཏེ། རྣམ་སྣང་མངོན་བྱང་ལས། །སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་པའི་དགོངས་པ་འགྲེལ་བའི་སྐབས་ཡིན་པའི་ཕྱིར་དང་། རྣམ་སྣང་མངོན་བྱང་གི་གཅིག་གཉིས་བཞི་ལས་ཞེས་པ་ཡན་ཆད་སྤྱིར་བཏང་དང་། ལྷག་ཀྱང་རུང༌། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་པ་དམིགས་བསལ་ཡིན་པའི་ཕྱིར་དང་། རྣམ་སྣང་མངོན་བྱང་གི་སྤྱིར་བཏང་དམིགས་བསལ་དང་སྔགས་རིམ་ཆེན་མོའི་སྤྱིར་བཏང་དམིགས་བསལ་གཉིས་གཞུང་དོན་འཕལ་ཀ་རང་འགྲིགས་ཡིན་པའི་ཕྱིར། དེས་ན་ལོག་བཤད་མཁན་པོ་ཁྱོད་ཉོན། ཁྱོད་ཀྱི་དགོད་བྲོ་བའི་དམ་བཅའ་བྱེ་མའི་ཆངས་བུའི་སྒྲུབ་བྱེད་དུ་གྱུར་ཡོད་དམ། དམིགས་བསལ་བཞེད་པ་རྣམས་ཀྱི་དམ་བཅའ་རྡོ་རྗེ་བྲག་རིའི་སྒྲུབ་བྱེད་དུ་གྱུར་ཡོད། མ་བརྟགས་གཡམ་རྒྱུག་སྤོངས་ལ་གཞུང་དོན་ལ་ཞིབ་ཏུ་དཔྱོད་ཅིག །

གཞན་ཡང་། སྐབས་འདིར་ལུང་ཚིག་རྡོ་རྗེ་རྐེད་བཟུང་བྱེད་པ་ཁྱོད་ཀྱིས་ངེས་པར་ཤེས་དགོས་པ་ཞིག་ནི། ཕྲེང་བ་ལས། ལེགས་པར་བརྟགས་པ་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་པ། ཐོས་པ་ལ་སོགས་པ་ཡོངས་སུ་སྦྱངས་པ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་གཟུང་བར་རུང་བ་རྣམས་ནི། རིགས་དང་མདོག་དང་གཟུགས་དང་བྲལ་བ་རྣམས་ཀྱང་ལྷག་པར་གནས་པར་བྱ་སྟེ། ཞེས་དབང་བསྐུར་བའི་སློབ་མ་ལ་ལེགས་པར་བརྟགས་པ་སོགས་ཡོན་ཏན་བརྒྱད་དང་ལྡན་དགོས་པར་གསུངས་ལ། ཡོན་ཏན་དེ་ལྟ་བུ་སྤྱིར་བཏང་དང་དམིགས་བསལ་གང་གི་དབང་དུ་བྱས་ཀྱང་དུས་ཀྱི་དབང་གིས་དཀོན་པས་དབང་གཏན་ནས་བསྐུར་མི་རུང་ངོ་སྙམ་ན། དེ་ནི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ཤིང་། ཡོན་ཏན་དེ་དག་ཆ་ཚང་མ་ལྡན་ན་ཡང་ངེས་ལྡན་གྱི་ཡོན་ཏན་སྡོམ་པ་ལ་དོན་གཉེར་ཆེ་ཞིང་རྡོ་རྗེ་ཐེག་པ་ལ་དད་པ་བརྟན་པ་སྟེ་ཡོན་ཏན་གཉིས་དང་ལྡན་ན་དབང་རྫོགས་པར་བསྐུར་རུང་སྟེ། ཕྲེང་བ་ལས།  གལ་ཏེ་དེ་རྣམས་ཀྱང་དད་པས་རྡོ་རྗེ་སེམས་དཔའི་སྡོམ་པ་དོན་དུ་གཉེར་ཞིང་རྡོ་རྗེ་ཐེག་པ་ལ་སྟོན་པ་གཞན་མི་འཚོལ་བར་གྱུར་ནའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཕྲེང་བའི་ཕུན་སུམ་ཚོགས་པ་དང་ངེས་ལྡན་གྱི་ཡོན་ཏན་གྱི་གྲངས་ཀྱི་ཚད་འདི་དག་སྤྱིར་བཏང་དང་དམིགས་བསལ་གྱི་སྐབས་ཐམས་ཅད་ལ་ཡང་འཁྱེར་ཤེས་པ་བྱས་ཏེ། དམིགས་བསལ་གྱི་སྐབས་ལ་ཡང་ངེས་ལྡན་གྱི་ཡོན་ཏན་དེ་གཉིས་ངེས་པར་ལྡན་པར་བྱེད་དགོས་ཏེ། སྔགས་རིམ་ཆེན་མོ་ལས། ཞེས་སྡོམ་པ་ལ་དོན་གཉེར་ཆེ་ཞིང་རྡོ་རྗེ་ཐེག་པ་ལ་དད་པ་བརྟན་པ་སྟེ་ཆོས་གཉིས་ནི། དབང་རྫོགས་པར་སྐུར་དུ་རུང་བའི་སློབ་མ་ལ་ངེས་ལྡན་དུ་གསུངས་སོ། །ཞེས་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་མ་ཕྱེ་བར་སྤྱིར་གསུངས་པའི་ཕྱིར། དེ་ཡང་སློབ་དཔོན་དང་སློབ་མ་གཉིས་ཀྱི་ནང་ནས་གཙོ་བོ་སློབ་མའི་རྒྱུད་ཚོད་ལ་ལྟོས་ཏེ་དམིགས་བསལ་འཕུད་དགོས་ཤིང་། འཕུད་ཚུལ་ཡང་རྣམ་སྣང་མངོན་བྱང་རྩ་འགྲེལ་གྱི་དམིགས་བསལ་ཕུད་སྟངས་ལྟ་བུ་སློབ་མ་ཕུན་སུམ་ཚོགས་པའི་ཡོན་ཏན་བཅུ་ལྡན་གྱི་དབང་དུ་བྱས་པ་དང་། ཕྲེང་བའི་དམིགས་བསལ་ཕུད་སྟངས་ལྟ་བུ་སློབ་མ་ལ་ངེས་པར་ལྡན་དགོས་པའི་ངེས་ལྡན་གྱི་ཡོན་ཏན་གཉིས་ལྡན་གྱི་དབང་དུ་བྱས་པ་ཡིན་པ་གཞུང་གོང་འོག་བསྒྲིགས་ན་ཤེས་ནུས་པས། དམིགས་བསལ་ཕུད་ན་ངེས་པར་རྣམ་སྣང་མངོན་བྱང་རྩ་འགྲེལ་ལྟར་སློབ་མ་ཕུན་སུམ་ཚོགས་པའི་ཡོན་ཏན་བཅུ་ལྡན་ཡིན་མི་དགོས། དེ་ལྟར་རྒྱུད་དང་རྒྱ་གཞུང་གི་དགོངས་པའི་གནད་འདི་ལ་དགོངས་ནས་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་ནས་རིགས་ལྡན་འཇམ་དཔལ་གྲགས་པ་དང་། སློབ་དཔོན་བཀའ་དྲིན་ཅན། པཎ་ཆེན་བློ་བཟང་ཆོས་རྒྱན། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། ཆོས་རྒྱལ་གཏེར་བདག་གླིང་པ། རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱིས་ཀྱང་ཁྲོམ་དབང་གནང་བ་ལས་འོལ་ཚོད་ཀྱིས་ལོང་བས་ཤིག་བཟུང་བ་མིན། དེས་ན་ཤེས་བྱ་ཐམས་ཅད་རིལ་རིལ་དུ་འདོད་པ་ཁྱོད་ཉོན། སྙིགས་མའི་དུས་སུ་མཚན་ལྡན་གྱི་སློབ་མ་ཇེ་ཉུང་དུ་འགྱུར་བར་དགོངས་པ་ཆེར་བཞེས་དང་། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་གྱིས་རྒྱ་དང་ཚད་ཡོངས་སུ་བཟུང་བའི་དམིགས་པ་མཛད་པ་པོ་སུ་ཡིན་དཔྱོད་ཅིག་དང་གསལ་ལེར་ཤེས་ནས་འོང་ངོ་།།

གཞན་ཡང་། བཀའ་ཡིག་ཏུ་རིགས་ལྡན་འཇམ་དཔལ་གྲགས་པ་དང་། སློབ་དཔོན་བཀའ་དྲིན་ཅན། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱིས་ཁྲོམ་དབང་གནང་བ་དཔེར་གསུངས་པ་ཡང་། ཁྲོམ་དབང་གནང་བ་ཙམ་དུ་འདྲ་བའི་ཆ་ནས་དཔེར་གསུངས་པ་ལས། གནང་ཡུལ་གདུལ་བྱ་སོགས་ཆ་ཐམས་ཅད་ནས་འདྲ་བའི་རྒྱུ་མཚན་གྱིས་དཔེར་གསུངས་པ་མིན་པས། བླ་མའི་ངོས་ནས་ཡིན་རུང་དུ་ཆུག་མོད། སློབ་མའི་ངོས་ནས་རྟོགས་པ་དང་ཡོན་ཏན་གྱི་ཚད་ཇི་ལྟར་མཉམ་པའི་ཚུལ་ཁྱེད་རྣམས་སྒྲུབས་ཤིག་ཅེས་ལས་བྱེད་པ་རྣམས་ལ་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་དགོས་པར་མ་མཐོང་། འོན་ཀྱང་སྟག་ཚང་ལོ་ཙཱ་བའི་དུས་འཁོར་བསྐྱེད་རིམ་དུ་དྲང་སྲོང་ཉི་མའི་ཤིང་རྟ་སོགས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཐམས་ཅད་དང་པོར་ཕྱི་རོལ་པའི་དྲང་སྲོང་ཡིན་པར་གསུངས་པས་དེ་དག་ཐམས་ཅད་དང་། ཨོ་རྒྱན་ཡུལ་གྱི་རྒྱལ་འབངས་ཐམས་ཅད་དང་པོ་ནས་རྟོགས་པ་ཚད་དུ་འཁྱོལ་བ་འབའ་ཞིག་ཡིན་པར་སྒྲུབ་བྱེད་མེད། གལ་ཏེ་ཡོད་ན་རྡོ་རྗེ་སློབ་དཔོན་རྟོགས་པ་མཐོ་བའི་རྟགས་ཀྱིས་སློབ་མ་རྟོགས་པ་མཐོ་བར་སྒྲུབ་དགོས་པ་ལས། དེ་འདྲའི་ཁྱབ་པ་ལོག་བཤད་མཁན་པོ་ཁྱོད་ལྟ་བུའི་རིགས་ལོག་སྨྲ་བ་ཕར་ཞོག །རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་སྒྲུབ་དཀའོ།།

ཡང་ལོག་བཤད་དེ་ལས། འདིའི་གཤམ་དུ་བྱིན་རླབས་དག་སྣང་གི་རྒྱུད་པ་དང་། དེ་བཞིན་རིགས་པ་འཛིན་པ་རྣམས་ཀྱིས་གཏེར་ལས་ཕྱུང་བའི་ཉེ་རྒྱུད་ཁྱད་པར་ཅན་རྣམས། དྲ་ལམ་གྱི་རྒྱུད་པ་དང་མཚུངས་པར་སྦྱར་བ་སོགས། ཟེར་རྒྱུས་ཕོངས་པའི་སྒྲུབ་བྱེད་རྣམ་ཁ་ཆུ་འཛར་བ་ལྟར་དུ་འདུག་པ་རྣམས། གོང་དུ་བཀོད་པའི་གནོད་བྱེད་རྣམས་ཀྱིས་འཇོམས་པར་ནུས་པས་ཟུར་དུ་མ་བཀག་ལ། ཞེས་སྨོས་པ་ལ། དཔེར་ན་འཇིག་རྟེན་ན་གླང་པོ་ཆེ་གང་དུ་ཡོད་མེད་རྩོད་པ་ལ་ཐོག་མར་གླང་པོ་ཆེ་ངོས་ཟིན་དགོས་པ་ལྟར། དྲ་ལམ་ནས་དབང་ཐོབ་མ་ཐོབ་རྩོད་པ་ལ་ཐོག་མར་དབང་ངོས་ཟིན་དགོས་པས། དབང་གི་ངོ་བོ་ནི། བྱ་རྒྱུད་སོགས་རྒྱུད་སྡེ་རང་རང་གི་ལམ་དང་མཐུན་པའི་རྟོགས་པའི་ཡོན་ཏན་ཁྱད་པར་བ་རེ་རྒྱུད་ལ་དངོས་སུ་བསྐྱེད་པའམ་དེ་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་རྒྱུད་ལ་བསྐྱེད་པ་ཅི་རིགས་ལ་འཇོག །དེ་སློབ་མ་ལ་ཐོབ་པའི་ཚུལ་ཡང་སློབ་མ་ལ་སྐབས་སུ་མེད་མི་རུང་གི་སྡོམ་པ་བསྲུང་འདོད་ཆེ་བ་དང་རྡོ་རྗེ་ཐེག་པ་ལ་དད་པ་བརྟན་པའི་ངེས་ལྡན་གྱི་ཡོན་ཏན་གཉིས་ཚང་བ་གཞིར་བྱས་ཏེ། རྡོ་རྗེ་སློབ་དཔོན་གྱིས་རང་གི་དམིགས་འོག་ཏུ་བཅུག་པའི་སློབ་མ་རྣམས་ལ་ཆོ་གའི་ཚིག་རིས་ལྟར་དབང་བརྡ་ལེགས་པར་སྤྲད་པ་ན། སློབ་མས་ཀྱང་སློབ་དཔོན་གྱིས་ཆོ་གའི་ཚིག་རིས་བཞིན་བརྡ་སྤྲད་པ་ལྟར་སེམས་མ་གཡེངས་པར་དམིགས་རྣམ་ལེགས་པར་བསྐྱངས་ནས། དྲི་མ་གང་དག་པ་དང་། ནུས་པ་གང་བཞག་པ། ལམ་གང་སྒོམ་པ་ལ་དབང་བར་བྱས་པའི་ཚུལ་རྣམས་ཡིད་ལ་གསལ་ཞིང་ངེས་པ་ཞིག་བྱུང་ན། དེ་ནས་སྐབས་ཀྱི་དབང་གང་ཡིན་ན་ཡང་དེ་ཐོབ་པར་འཇོག །དེས་ན་བསྟན་བཤིག་པ་ཁྱོད་ཉོན། དྲ་ལམ་ནས་ཐད་ཀར་༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་དངོས་མཇལ་ལྟ་བུའི་བརྙན་ལམ་གྱི་སྐུ་བརྙན་གྱི་མདུན་དུ། ༸རྒྱལ་བ་ཡིད་བཞིན་ནོར་བུས་ཁོང་གི་དམིགས་འོག་ཏུ་བཅུག་པའི་སློབ་མ་ངེས་ལྡན་གྱི་ཡོན་ཏན་གཉིས་ལྡན་ཞིག་ལ་ཆོ་གའི་ཚིག་རིས་ལྟར་དབང་བརྡ་ལེགས་པར་སྤྲད་པ་སོགས་མཐུན་རྐྱེན་ཚང་ན་དབང་ཅིའི་ཕྱིར་མི་ཐོབ། དམིགས་འོག་ཏུ་འཇུག་མི་ནུས་སམ། ནུས་ཀྱང་བརྙན་འཕྲིན་གྱི་ལམ་ནས་དབང་བརྡ་ལེགས་པར་མི་འཕྲོད་དམ། འཕྲོད་ཀྱང་བརྙན་འཕྲིན་གྱི་མདུན་དུ་སློབ་མས་དམིགས་རྣམ་བསྐྱང་མི་ཐུབ་བམ། ཡང་ན་དམིགས་འོག་ཏུ་ཡང་འཇུག་ནུས་དབང་བརྡ་ཡང་འཕྲོད། དམིགས་རྣམ་ཡང་བསྐྱང་ཐུབ་ཀྱང་༸རྒྱལ་བའི་དབང་པོ་སྐུ་དངོས་ཀྱི་དྲུང་དུ་མེད་པས་སོ་ཟེར་རམ། དེ་ལྟར་ཟེར་ན་དབང་དེ་དང་དེ་ཐོབ་ཚུལ་བཤད་སྐབས་སློབ་མ་ངེས་པར་རྡོ་རྗེ་སློབ་དཔོན་སྐུ་དངོས་ཀྱི་དྲུང་དུ་ཙོག་གེ་བར་ཡོད་དགོས་པར་བཤད་པའི་དབང་ཆོག་ཚད་ལྡན་ཞིག་ས་འོག་ས་སྟེང་ས་བླ་གསུམ་གང་ན་ཡོད་སྟོན་ཅིག །

དེས་ན་དབང་ཆོག་ཚད་ལྡན་རྣམས་སུ་དབང་ཐོབ་ཚུལ་བཤད་པ་དང་བསྟུན་ན་དྲ་ལམ་ནས་ཐད་ཀར་༸རྒྱལ་བའི་དབང་པོ་མཆོག་སྐུ་དངོས་མཇལ་ལྟ་བུའི་དྲུང་དུ། སློབ་མ་ངེས་ལྡན་གྱི་ཡོན་ཏན་གཉིས་ལྡན་གྱིས་དབང་བརྡ་ལེགས་པར་འཕྲོད་པ་སོགས་མཐུན་རྐྱེན་མཐའ་དག་ཚང་བ་བྱས་ཏེ་བཀའ་དབང་ཞུ་བ་འདི་ལ་མི་རིགས་པའི་སྒྲུབ་བྱེད་རྡུལ་ཕྲན་ཙམ་ཡང་མེད་པར་མ་ཟད་དུས་རབས་ཀྱི་མེད་མི་རུང་གི་དགོས་མཁོ་ཞིག་ཏུའང་མཐོང་ངོ་།།

གཞན་ཡང་། གསང་བ་སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང༌། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །ཞེས་གསུངས་པ་ལྟར། སློབ་མ་གང་ཞིག་ལ་སློབ་མ་རྗེས་གཟུང་གི་ཆོ་ག་བྱས་ནས་གལ་ཏེ་སྟ་གོན་གྱི་ཚེ་སྲོག་ཉེན་སོགས་ཀྱི་བར་ཆད་ཀྱི་དབང་གིས་མེད་ན། སློབ་མ་དེའི་གཟུགས་བརྙན་ཞིག་བཟོས་ནས་དེ་སློབ་མ་དེའི་ཚབ་ཏུ་བཞག་ནས། དེ་ལ་སྟ་གོན་གྱི་ལས་རྣམས་བྱ་ཆོག་པར་ཚིག་གི་བདག་པོས་ཚིགས་སུ་བཅད་པའི་ཚུལ་དུ་སྟོན་པ་རྡོ་རྗེ་འཆང་གི་ཞལ་ནས་དངོས་སུ་གསུངས་ཤིང་། ཡང་གསང་བ་སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང༌། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག  །ཅེས་པའི་རྡོ་རྗེའི་ཚིག་ནུས་ལ་བརྟགས་ཏེ་ས་སྐྱ་ངག་དབང་ཆོས་གྲགས་དང་ཁོང་གི་སློབ་མ་ས་སྐྱ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་དཔོན་སློབ་སོགས་ཀྱིས་གོང་དུ་སྟ་གོན་གནས་ཚེ་མེད་ན་ནི་ཞེས་པ་ཤི་ནས་མེད་པའི་དོན་དུ་བཀྲལ་ནས་དབང་དངོས་གཞིའི་སྐབས་སུ་ཡང་སློབ་མ་སྲོག་གི་བར་ཆད་སོགས་ཀྱི་དབང་གིས་ཤི་ནས་མེད་ན། སློབ་མ་འདས་པོ་དེའི་གཟུགས་བརྙན་ལ་དབང་བསྐུར་བ་འཐད་པར་བཞེད། སྦྱོང་རྒྱུད་ལས། དེ་ལྟར་གཞན་དུའང་གནས་ཡི་གེ །མཆོག་ཏུ་དགེ་བ་དེ་དག་གཞག །དེ་དག་ངན་སོང་ཡོངས་སྦྱང་ཕྱིར། །ཞེས་དང་། དེའི་ཐད་ཀྱི་ཀུན་སྙིང་གི་འགྲེལ་པ་ལས། དེ་ལྟར་དབང་པོ་རྣམས་སུ་ཡི་གེ་དེ་རྣམས་བཞག་ནས། ཏིང་ངེ་འཛིན་གྱིས་ཀྱང་སྔགས་དེ་དག་གི་འོད་ཟེར་གྱིས་སྒྲིབ་པ་རྣམས་སྦྱོང་བར་བསམ་པར་བྱའོ། །དེ་ནས་སྐབས་འདིར་རིག་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་རྣམས་བསྐུར་བར་བྱའོ། །ཞེས་ཤི་བའི་རོ་ལ་འདས་པོ་དེའི་རྣམ་ཤེས་བཀུག་སྟེ་གཤིན་པོ་ལ་དབང་བསྐུར་ཚུལ་ཞིག་ཀྱང་རྒྱུད་དང་རྒྱ་གཞུང་རྣམས་ལས་གསལ་བར་གསུངས་འདུག་ན། དགུ་སྦྱོར་གྱིས་ར་རོ་བར་གྱུར་པ་ཁྱོད་ཉོན། དབང་གི་སྟ་གོན་དང་དངོས་གཞི་གང་གི་སྐབས་ལ་ཡང་སློབ་མ་ངེས་པར་རྡོ་རྗེ་སློབ་དཔོན་གྱི་དྲུང་རང་དུ་ཡོད་དགོས་པའི་ངེས་པ་གཏན་ནས་མེད་ཅིང་། དྲ་ལམ་ནས་ཐད་ཀར་༸རྒྱལ་མཆོག་མཐོང་བ་དོན་ལྡན་སྐུ་དངོས་ཀྱིས་ཤར་ནུབ་ཀྱི་དད་ལྡན་རྣམས་ལ་བཀའ་དབང་བསྐུར་མི་རུང་བའི་ལུང་དང་རིགས་པའི་སྒྲུབ་བྱེད་གནད་དུ་ཐེངས་པ་རེ་གལ་ཏེ་ཡོད་ན། དྲ་ལམ་ནས་དབང་བསྐུར་མི་རུང་ཞེས་དངོས་བརྒྱུད་ཅི་རིགས་ཀྱིས་བསྒྲགས་ནས་ཉམ་ཆུང་བསླུ་བ་ལས། ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་ཀྱི་རྩལ་ཅི་ཡོད་ཀྱིས་མི་རུང་བའི་སྒྲུབ་བྱེད་ཡང་དག་འགོད་དགོས་པའི་དུས་ལ་བབ་གདའོ།།

གཞན་ཡང་། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་ཀྱི་ཟབ་མོ་དག་སྣང་གི་ཆོས་བརྒྱུད་དང་གཏེར་ནས་བཏོན་པའི་ཆོས་བརྒྱུད་རྣམས་ཀྱང་ཐུན་མོང་སྣང་ཚོད་ལ་སྟོན་པ་བཅོམ་ལྡན་འདས་སྐུ་དངོས་ཀྱི་དྲུང་དུ་བཅར་ནས་ཞུས་པ་ཞིག་མིན་ཡང་། ཐུན་མོང་མ་ཡིན་པ་དངོས་པོའི་གནས་ཚུལ་ལ་ཏིང་ངེ་འཛིན་སོགས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས་སྟོན་པ་བཅོམ་ལྡན་འདས་སྐུ་དངོས་ལས་ཞུས་པ་ཞིག་ཡིན་པ་ལྟར། དྲ་ལམ་ནས་ཐད་ཀར་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ལས་ཐོབ་པའི་བཀའ་དབང་ཡང་ཐུན་མོང་སྣང་ཚོད་ལ་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱི་དྲུང་དུ་བཅར་ནས་ཞུས་པ་ཞིག་མིན་ཡང་། ཐུན་མོང་མ་ཡིན་པ་དངོས་པོའི་གནས་ཚུལ་ལ་རྫས་སྦྱོར་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ལས་ཞུས་པ་ཞིག་ཡིན་པས། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་ཀྱི་ཟབ་མོ་དག་སྣང་གི་ཆོས་བརྒྱུད་དང་གཏེར་ནས་བཏོན་པའི་ཆོས་བརྒྱུད་རྣམས་དྲ་ལམ་ནས་ཐད་ཀར་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ལས་ཐོབ་པའི་བཀའ་དབང་དང་དཔེ་དོན་སྦྱར་བ་ན། ཟེར་རྒྱུས་ཕོངས་པའི་སྒྲུབ་བྱེད་རྣམས་ཁ་ཆུ་འཛར་བ་ལྟར་དུ་འདུག་པ་རྣམས་ཞེས་ངག་འཁྱལ་མ་ཎི་ལྟར་བགྲང་བཞིན་གནོངས་ཁུར་ཏེ་ལག་པས་རབ་རིབ་བྱེད་དགོས་དོན་ཅི་ཡོད། དེས་ན་རིགས་མཐུན་འཁོར་གྱི་དབུས་ན་མིག་ཡོད་ཡོད་འདྲ་ཞིག་ཏུ་སྣང་ཡང་དོན་ལ་མིག་མེད་པའི་ཅེ་རེ་ལོང་བ་ཁྱོད་ཉོན། གོང་དུ་དཔེ་དོན་མི་འབྱོར་ཞེས་བཀོད་པའི་རིགས་པ་ལྟར་སྣང་རྣམས་ཀྱིས་ཕྱོགས་འདི་ལ་ཅུང་ཟད་ཀྱང་མི་གནོད་པས་ཟུར་དུ་སྒྲུབ་བྱེད་འགོད་དགོས་མིན་རང་ཅི་དགར་མཛོད་ཅིག །

ཡང་ལོག་བཤད་དེ་ལས། ཇི་སྐད་དུ། ཀུན་མཁྱེན་རྒྱལ་བའི་གདུང་འཚོབ་དོལ་བོ་པ་ཤེས་རབ་རྒྱམ་མཚོའི་ཞལ་ནས། བསྟན་པ་ཉམས་པའི་དོགས་པ་ཡིས། །སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག །ཅེས་གསུངས་པའི་རླབས་ཆེན་གྱི་ཐུགས་བསྐྱེད་ཟབ་མོ་འདི་ཉིད་ཡིད་ལ་ཤར་བའི་བློ་ཡིས་སྦྱར་ལ། ཞེས་སོགས་བྲིས་པ་ལ། ཀུན་མཁྱེན་དོལ་བོ་པ་ལྟ་བུའི་ངེས་པ་དོན་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ལ་ཐབས་གང་གིས་བསྟན་པ་འཕེལ་བ་དང་ཐབས་གང་གིས་བསྟན་པ་ཉམས་པ། ཡང་ན་ཉམས་པར་དོགས་པ་དང་ཉམས་པའི་ཐུགས་ཁྲལ་མངའ་བ་སྨོས་མ་དགོས། འོན་ཀྱང་ཚིག་འདི་འདིར་བཙན་སྦྱོར་གྱིས་དྲངས་པའི་ཤུགས་ལ་༸རྒྱལ་བ་ཐམས་ཅད་མཁྱེན་པས་བསྟན་པའི་འཕེལ་འགྲིབ་ལ་དོགས་པ་དང་ཐུགས་ཁྲལ་ཙམ་ཡང་མ་གནང་བར་དྲ་ལམ་ནས་དབང་བསྐུར་བས། སངས་རྒྱས་ཀྱི་བསྟན་པ་ཉམས་ངེས་པ་ཡིན་ཟེར་འདོད་པར་འདུག་པས། ཚུལ་འདི་ནི་གཅིག་ནས་དུས་རབས་དང་བསྟུན་པའི་བསམ་བློ་གཏོང་མ་ཤེས་པ་དང་། གཉིས་ནས་དགེ་ཕྲུག་ཁ་ཤས་ལ་ཤགས་བསླབས་པའི་ང་རྒྱལ་གྱིས་བསོད་ནམས་ཟད་པ་ཡིན། དེས་ན་༸གོང་ས་༸རྒྱལ་བའི་དབང་པོས་དངོས་དང་བརྒྱུད་པའི་སྒོ་ནས་བསྟན་པ་ལ་མཛད་རྗེས་བླ་ན་མེད་པ་བཞག་པའི་སྐོར་ཟུར་ཙམ་གླེང་ན། ༸རྒྱལ་བ་ཐམས་ཅད་མཁྱེན་པ་ཕྱི་ཕྱོགས་ལ་མ་ཕེབས་པའི་གོང་དུ་ཕལ་ཆེར་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཆོས་ཀྱི་མིང་ཙམ་ཡང་དཀོན་ལ། རེ་ཟུང་གི་རྣ་ཁར་མིང་ཙམ་ཡོད་པ་ཚོས་ཀྱང་བོད་ཀྱི་སངས་རྒྱས་ཀྱི་ཆོས་ལ་བླ་མའི་ཆོས་ལུགས་ཞེས་འབོད། རིམ་གྱིས་༸རྒྱལ་བ་ཡིད་བཞིན་ནོར་བུ་ཕྱི་ཕྱོགས་སུ་ཕེབས་ཏེ་ཚན་རིག་པ་དང་། ཉམས་ཞིབ་པ། ཤེས་ཡོན་པ་མང་པོར་ནང་པའི་གཞུང་གི་སེམས་ཁམས་རིག་པ་དང་ལྟ་གྲུབ་རིག་པ་ངོ་སྤྲོད་གནང་། ཚན་རིག་དང་སེམས་ཁམས་རིག་པ་ལྟ་གྲུབ་རིག་པའི་སྐོར་ནས་བགྲོ་གླེང་གི་ཚོགས་པ་བཙུགས། དེ་ལ་རྣམ་དཔྱོད་ཅན་མང་པོ་ལོ་དུ་མར་མཉམ་ཞུགས་བྱས་པའི་བཀའ་དྲིན་ལས། ནང་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་རིག་པར་དོ་སྣང་དང་དགའ་མོས་བྱེད་མཁན་མང་ནས་མང་དུ་སོང་ཞིང་། ཚན་རིག་པ་གྲགས་ཅན་ཁ་ཤས་ཀྱིས་ནང་པའི་ཆོས་ཚན་རིག་ཡིན་ཆོས་ལུགས་མིན་ཟེར་བ་ལྟ་བུས་མཚོན། བགྲང་གིས་མི་ལངས་པའི་མཛད་རྗེས་ལ་བརྟེན་ནས་ཤར་ནུབ་ཡུལ་གྲུ་གང་སར་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་ཀྱང་མང་པོ་ཚུགས་ཤིང་། ད་ལྟ་འཛམ་གླིང་འདིར་ནང་པའི་ཆོས་ལ་གདེང་འཇོག་ཆེན་པོ་དང་ཤེས་ཡོན་གྱི་འདུ་ཤེས་འཇོག་མཁན་མང་། དེ་ལྟར་༸རྒྱལ་བའི་མཛད་འཕྲིན་རི་སྒུལ་མཚོ་སྐྱོམ་གྱི་རླབས་ཤུགས་ཀྱིས་རྒྱ་གར་གྱི་ནང་ཁུལ་དུ་ཡང་སྟོན་པ་བཀའ་དྲིན་ཅན་གཞི་ནས་ཞལ་ཚོར་བ་འདྲ་ཞིག་བྱས་ནས་རྒྱ་གར་རྒྱལ་ཁབ་ཁྱོན་ཡོངས་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་བ་དང་། རྒྱལ་ས་ལྡི་ལི་སོགས་མངའ་སྡེ་འགས་སློབ་མ་འབུམ་ཕྲག་མང་པོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་། སེམས་ཁམས་རིག་པ། ལྟ་གྲུབ་རིག་པ་སོགས་ངོ་སྤྲོད་གནང་བར་གསོལ་བ་བཏབ་པ་ལྟར་ངོ་སྤྲོད་གནང་སྟེ། སྟོན་པ་བཅོམ་ལྡན་འདས་དང་པཎ་གྲུབ་བཅུ་བདུན་གྱི་མཚན་སྙན་དགུང་དུ་བཏེགས། གཞན་ཡང་ཆོས་ཕྱོགས་ནས་མཛད་འཕྲིན་ཇི་འདྲ་བསྐྱངས་ཡོད་མེད་བློ་གཟུ་བོར་གནས་པ་ཞིག་ཡིན་ན་བཤད་མ་དགོས་པར་སེམས་ཁོང་ན་ས་རིས་ཐང་གསལ་ཡིན། ཇི་སྐད་དུ་འཇམ་མགོན་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཞལ་ནས། འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་གསུངས་པ་ལྟར། དུས་འདིར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་མངའ་བདག་༸རྒྱལ་བ་ཐམས་ཅད་མཁྱེན་པས། དུས་རབས་ཀྱི་འགྲོས་དང་བསྟུན་པའི་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱོགས་ལ་དགོངས་པ་ཟབ་བཞེས་གནང་སྟེ་དྲ་ལམ་ནས་ཐད་ཀར་བཀའ་དབང་ཕྱག་བསྟར་གནང་བར། གཞོགས་འདེགས་བྱེད་མ་ནུས་ནའང་ཕྱི་ནང་གསང་གསུམ་གྱི་རྐྱེན་གྱིས་ཡིད་བརླམས་ཏེ་བར་ཆད་བྱས་ན་སྡིག་པ་ཁམ་པོ་ཆེ་ཅི་ལ་མི་གསོག །དེས་ན་ལྟ་རྒྱ་ཆུང་ཞིང་རང་སྣང་མཐོ་བའི་ཁྲོན་པའི་སྦལ་པ་ཁྱོད་ཉོན། ཁྱོད་ཀྱི་ལོག་བཤད་དུ་རྫོགས་ལྡན་དུས་ཀྱི་གདུལ་བྱ་ཁྱད་པར་ཅན་རྣམས་དང་། ཞེས་དང་། རེ་ཞིག་དྲ་མིང་ཙམ་གྱི་འོག་ནས་སྤེལ་དགོས་བྱུང་ངོ་། །ཞེས་སྟོན་པ་བཀའ་དྲིན་ཅན་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་པའང་མ་ཤེས་པའི་རང་མཚང་བསྟན་པ་དང་། ཉིན་ཞིག་གླེན་པའི་ཕོ་ཤེད་ཀྱིས་༸རྒྱལ་བ་ཡིད་བཞིན་ནོར་བུའི་གདོང་ལ་ཡང་འབུད་རྒྱུ་ཡིན་པའི་ཚིག་ཟུར་ཐོན་པ་འདིས་ནི། ཁྱོད་གླེན་པའི་མིག་ལམ་ན་གསེར་དུ་སྣང་བ་ཙམ་ལས་དོན་དུ། སྟོན་པ་དང་བསྟན་པའི་ངང་ཚུལ་ལ་རྒྱུས་མངའ་ཆུང་བ་དང་། ཆོས་ཕལ་ཆེན་བཏོན་པས་ཞེ་སྡང་ཇེ་ཆེ་དང་། སྨན་ཅུང་ཞི་འཐུངས་པས་ཕོ་བ་ཇེ་ཚར་སོང་བ་ཞིག་ཡིན་པར་བསྟན་ཏོོ།།

མདོར་ན་ལོག་བཤད་ནག་པོ་དགུ་སྦྱོར་དུ་ཚིག་མ་དག་པ་དང་དོན་མི་འཐད་པ་མང་མོད། ཚིག་མ་དག་པ་རྣམས་ཅུང་ཟད་ཀྱང་མ་བཅོས་པར་ལོག་བཤད་མཁན་པོའི་འདོད་པ་འགོད་སྐབས་དགོས་དབང་གིས་སོར་བཞག་བྱས་ཡོད་ཅིང་། དོན་མི་འཐད་པ་རྣམས་འོས་འཚམ་གྱི་སྒྲུབ་བྱེད་གནད་བསྡུས་རེ་བཀོད་ནས་ཆེ་ལོང་ཙམ་འགོག་པ་རེ་ཞིག་གྲུབ་པར་བྱས་སོ།།

སྨྲས་པ། རྒྱལ་བའི་མཛད་འཕྲིན་ཉིན་བྱེད་འབུམ་ཕྲག་འོད། །

འཛམ་གླིང་ཤར་ནུབ་ནམ་མཁར་འཕྲོས་པའི་མོད།།

མ་བཟོད་གཤོག་ཟུང་བསྣོལ་བའི་འཁོར་རྒྱ་ཡིས།།

འགེབས་འདོད་སྙིང་འཕྱུར་ཆུ་སྒྲོགས་རོག་པོ་ཀྱེ།།

ལྐོག་གསུག་ཉེའུ་ཆུང་ཟ་ལ་སྙད་བཏགས་ནས།།

རྒྱལ་བསྟན་པད་མཚོ་འདམ་གྱིས་མ་སྦག་དང་།།

སྐྱེ་དགུའི་གཉིས་འཐུང་ཚ་བས་གདུངས་པ་ན།།

ཞི་བསིལ་བག་ཡངས་སྦྱིན་པའི་མཚོ་གཞན་གང་།།

ཡིད་གཉིས་ལྕུག་མས་བཅིངས་པ་མཐོང་ཐོས་ཀྱི།།

ཤིང་ཐུར་སྣ་དགུ་བསགས་པའི་རང་མལ་ནས།།

ཉམས་ལེན་མགྲིན་དབྱངས་སྙན་མོ་སྒྲོག་བཞིན་དུ།།

སེམས་ལྷོད་བག་ཡངས་གནས་ན་མི་སྐྱིད་དམ།།

གཤོག་ཟུང་རླབས་ཤུགས་ཡེ་ནས་ཐ་དད་ཀྱང་།།

ཐུབ་བསྟན་དྭངས་གཙང་ཀླུང་ལ་གནས་བཅས་ཏེ།།

མདོ་སྔགས་གྲེ་འགྱུར་སྒྲོག་པའི་ལས་མཐུན་ཕྱིར།།

མིག་བལྟས་ཡར་འགྲན་རྩལ་ཆེན་སྦྱོངས་ཤིག་ཨང་།།

ཞེས་ལོག་བཤད་ནག་པོ་དགུ་སྦྱོར་ལ་རྣམ་པར་དཔྱད་པ་རིན་ཆེན་མང་སྦྱོར་ཞེས་པ་འདི་ནི། རང་དོན་ཁོག་བཅུག་བསྟན་སྲུང་བ་ཟེར་བའི་དྲ་འབུ་ཞིག་གིས་བསྟན་པ་ལ་ཤ་ཚ་བའི་ཟོལ་གྱིས། ཡུལ་གངས་ཅན་པ་རྣམས་ཀྱི་ཡ་ཐོད་ཀྱི་མིག་དང་ཁོག་པའི་སྙིང་། སྤྱན་རས་གཟིགས་མགོན༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ཟུར་ཟ་དང་། མཛད་འཕྲིན་ལ་ལོག་འགྲེལ་བྱེད་པ་ཤས་མ་བཟོད་དེ། ༸མགོན་པོ་གང་ལ་སྙིང་ཁོང་རུས་པའི་གཏིང་ནས་ཤེས་ནས་དད་པ་ཐོབ་ཅིང་། མདོ་ཁམས་གཡར་མོ་ཐང་ཞེས་སྙན་པ་ཕྱོགས་ཀྱི་བུ་མོའི་རྣ་བར་མཆེད་པའི་ལྗོངས་སུ་ལྟེ་ཁྲག་ཕོ་བ། རིགས་པ་སྨྲ་བ་ཆོས་སྐྱོང་རྒྱ་མཚོས་ཕྱི་ལོ་ ༢༠༢༠ བོད་ཟླ་ ༤ ཚེས་ ༢༥ ཉིན་བྲིས་པ་དགེའོ།།

ཚན་པ་དང་པོ། http://tibettimes.net/2020/06/19/186259/

བསྐྱར་བཅོས།: ༢༠༢༠/༠༦/༢༠

Leave a Reply