སློབ་དཔོན་ཆེན་མོ་ཞིག་ལ་སློབ་ཁྲིད་བྱེད་མི་ཆོག་པ་བཟོས།

ཧུའུ་པའེ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལེང་ཡན་ཕིན་གྱིས་རྒྱ་ནག་གཞུང་ནས་ཧོང་ཀོང་ལ་བཟུང་བའི་སྲིད་ཇུས་ཐད་སྐྱོན་བརྗོད་བྱས་པར་བརྟེན་སློབ་འཁྲིད་བྱེད་མི་ཆོག་པ་བཟོས།ཁ་སང་ཕྱི་ཚེས་ ༢༡ ཉིན། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཧུའུ་པའེ་གཙུག་ལག་སློབ་ཆེན་གྱི་རྒྱ་ཡིག་རྩོམ་རིག་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ལེང་ཡན་ཕིན་(Liang Yanping)གྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་སྒང་ལ་འཛིན་བཞིན་པའི་སྲིད་བྱུས་དང་། རྒྱ་ནག་གིས་ཉི་ཧོང་དང་ས་མཚམས་ཁུལ་དུ་དམག་གི་ཟིག་འཁྲུག་སློང་བཞིན་པ་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་རྩོམ་ཡིག་བྲིས་པར་བརྟེན། གཙུག་ལག་སློབ་གཉེར་ཁང་དེའི་ནང་སློབ་འཁྲིད་བྱེད་མི་ཆོག་པ་བཟོས་ཡོད་འདུག

དེ་འབྲེལ་གནད་དོན་སྐོར་ལ་ཧུའུ་པེ་དམར་ཤོག་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ཡིག་རྩོམ་རིག་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ཞིག་གིས་ཧོང་ཀོང་དང་ཉི་ཧོང་གནད་དོན་སྐོར་ལ་སྐད་ཆ་ནོར་འཁྲུལ་ཅན་དང་། གཞུང་ལ་སྐྱོན་བརྗོད་བྱས་ཡོད་སྟབས་མོ་ཧུའུ་པེ་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ཅིག་གིས་སློབ་དཔོན་ཆེན་མོ་ཡན་ཕིན་ལགས་སུ་སློབ་གྲྭའི་ནང་སློབ་ཁྲིད་དང་། ལྷག་པར་དུ་མཐར་ཕྱིན་སློབ་མ་ཚོར་གཏམ་བཤད་རིགས་ཚང་མ་བཀག་འགག་བྱས་ཡོད་སྐོར་བརྗོད་འདུག

སློབ་དཔོན་ཆེན་མོ་ལེང་ཡན་ཕིན་གྱིས་འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གི་རང་དབང་རྩོམ་པ་པོ་ཧྥང་ཧྥང་(Fang Fang)གིས་ཝུ་ཧན་གྱི་ཉིན་ཐོ་ཞེས་པའི་གློག་བརྙན་ལ་རྒྱབ་སྐྱོར་དང་དོགས་གཞིའི་འོག རྒྱ་ནག་གཞུང་གིས་ཁོ་མོར་ཐེངས་མང་ལ་ཞིབ་བཤེར་དང་འདྲི་རྩད་བྱས་ཡོད་པ་དང་། ཁོ་མོ་ནི་ནམ་རྒྱུན་ནས་རྒྱ་ནག་ནང་སྨྲ་བརྗོད་རང་དབང་དང་རྒྱ་ནག་དམར་ཤོག་ཚོགས་པར་མངོན་གསལ་གྱིས་སྐྱོན་བརྗོད་རྩོམ་ཡིག་འབྲི་མཁན་ཞིག་ཡིན་པ་དང་། ལྷག་པར་འདི་ལོའི་ལོ་མགོར་རྒྱ་ནག་ནང་ཏོག་ནད་ཁྱབ་གདལ་ཕྱིན་པ་དང་གཞུང་གིས་གནས་ཚུལ་བཀག་འགོག་དང་། མི་སྣ་མང་པོ་འཛིན་བཟུང་བྱས་པའི་ཐད་སྔ་ཕྱིར་རྩོམ་ཡིག་སྤེལ་བར་བརྟེན། མོ་ནི་རྒྱ་ནག་གཞུང་གིས་ལྟ་རྟོག་བྱེད་སའི་དམིགས་འབེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱ་ནག་ནང་ཤེས་ཡོན་ཅན་དང་སློབ་ཕྲུག་ཚོར་གཉའ་གནོད་བྱེད་བཞིན་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན་པར་དུས་རྒྱུན་འབྱུང་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ནང་སློབ་ཕྲུག་ཚོས་སྣེ་འཁྲིད་དེ་དམངས་གཙོའི་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་། རྒྱ་ནག་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་དམིགས་བསལ་གྱིས་སྨྲ་བརྗོད་རང་དབང་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་འདི་ལོའི་ཏོག་ནད་དང་འབྲེལ་ནས་སློབ་གྲྭ་ཆེན་མོའི་དགེ་རྒན་མང་པོར་འདྲི་རྩད་རིམ་པར་བྱས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༥ ཚེས་ ༡༢ ཉིན། རྒྱ་ནག་ཤར་ཕྱོགས་ཆབ་སྲིད་དང་ལོ་རྒྱུས་ཚན་རིག་(East China University)གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་དང་། སྤྱི་དམངས་ཁྲིམས་རྩོད་པ་སྐུ་ཞབས་ཀྲང་ཞའོ་ཀྲུང་(Zhang Xuezhong)ལགས་ཀྱིས་ཏོག་ནད་དང་འབྲེལ་ནས་རྒྱ་ནག་གཞུང་གིས་མི་མང་ལ་སྨྲ་བརྗོད་རང་དབང་སྤྲོད་དགོས་པ་དང་།  སྲིད་གཞུང་གིས་ཏོག་ནད་སྐོར་གྱི་གནས་ཚུལ་ཕྱི་གསལ་ནང་གསལ་དགོས་པའི་རྩོམ་ཡིག་སྤེལ་བར་བརྟེན་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཉིན་ཤས་རིང་འདྲི་རྩད་བཀག་ཉར་འོག་བཞག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༢

Leave a Reply