ཏོག་དབྱིབས་ནད་རྟགས་ཐོན་པའི་བོད་མི་དང་འབྲེལ་འདྲིས་བྱུང་མཁན་ཚོ་ཟུར་བཀག་ཏུ་བཞག་འདུག

དྷ་རམ་ས་ལ་དང་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་བོད་མི་ཏོག་དབྱིབས་ནད་རྟགས་ཅན་གཉིས་ལ་འབྲེལ་འདྲིས་བྱུང་མཁན་རྣམས་ཟུར་བཀག་འོག་བཞག་འདུགཁ་སང་ཀང་ར་ཉེན་རྟོག་ཁང་གིས་ལྡི་ལི་ནས་དྷ་རམ་ས་ལར་བསླེབས་པའི་བུ་མོ་རང་ལོ་ ༡༩ ཅན་ཞིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཏེ། ཀང་ར་རྫོང་ཊན་ཏཱ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། བུ་མོ་དེ་ཤུགས་གསེབ་ཟུར་བཀག་ཁང་དུ་བསྡད་ནས་ཉིན་གྲངས་ ༡༤ ཙམ་ཕྱིན་རྗེས་ཏོག་ནད་འགོས་ཡོད་པའི་བརྟག་འབྲས་ཐོན་ཡོད་འདུག་ལ། བོད་མིའི་ཟུར་བཀག་ཁང་དུ་ཡོད་མཁན་ཚོ་བདུན་ཕྲག་གཅིག་ལྷག་འགོར་རྗེས་ནད་རྟགས་མ་ཐོན་ཚེ། རང་ཁྱིམ་དུ་བཏང་སྟེ་ཡར་མར་མ་སོང་བར་ཁྱིམ་མི་མཉམ་དུ་བསྡད་ཡོད་པ་རེད།

འདི་ག་དུས་བབ་ཀྱི་གསར་འགོད་པས་བུ་མོ་དེའི་ད་ལྟའི་གནས་སྟངས་དང་། ཤུགས་གསེབ་ཟུར་བཀག་ཁང་དུ་ཉིན་བཅུ་གྲངས་བསྡད་པའི་རིང་གཞན་ལ་འབྲེལ་འདྲིས་ཅི་ཙམ་བྱུང་ཡོད་མེད་སོགས་འདྲི་ཆེད་དྷ་ས་ས་གནས་མགོ་འཛིན་ལགས་སུ་ཁ་པར་བཏང་ཡང་ཁོང་ཁོམ་གྱི་མེད་སྐོར་བརྗོད་བྱུང་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ལ་ཁ་པར་བརྒྱུད་ཟུར་བཀག་གི་གནས་སྟངས་སོགས་དྲིས་པར་དྲུང་ཆེ་ཚོགས་འདུར་ཕེབས་ཚར་ཡོད་པ་དང་། འབྲེལ་མཐུད་པས་གནས་ཚུལ་གསལ་པོ་ཤེས་ཀྱི་མེད་སྐོར་བརྗོད་བྱུང་།

དེ་བཞིན་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་ཏོག་དབྱིབས་ནད་རྟགས་ཅན་རང་ལོ་ ༣༢ ཡིན་པའི་སྐྱེས་པ་དེ་དང་འབྲེལ་འདྲིས་བྱུང་བའི་མི་ ༡༩ ཟུར་བཀག་འོག་བཞག་ཡོད་པ་མ་ཟད། སྦེལ་ཀོབ་ས་གནས་མགོ་འཛིན་གྱི་གོ་སྒྲིག་འོག་གཞིས་ཆགས་ཀྱི་ཟ་ཁང་ཚོང་ཁང་སོགས་བདུན་ཕྲག་གཅིག་རིང་ངེས་པར་དུ་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

འདི་གའི་ས་གནས་གསར་འགོད་པས་སྦེལ་ཀོབ་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་གི་རྒྱུན་ལས་དང་འཚོ་བྱེད་སྨན་ཁང་གི་འགན་འཛིན་སྨན་པ་རིག་འཛིན་རྣམ་རྒྱལ་ལགས་སུ་ནད་པ་དེའི་གནས་སྟངས་སྐོར་ལ་དྲིས་པར་ཁོང་གིས། སྐྱེས་པ་དེ་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་དགའ་རོགས་མཉམ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གནམ་གྲུར་བསྡད་དེ། ཉིན་དེ་རང་ལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་ཡོད་པ་དང་། འགྲོ་ལུགས་ལྟར་གཞིས་ཆགས་ནང་ཕྱི་ནས་ཡོང་མཁན་ཚོ་འཛུལ་མི་ཆོག་སྟབས་ཟུར་བཀག་འོག་བཞག་ཡོད་ཀྱང་། ཕྱི་ཚེས་ ༡༨ ཉིན་འཕྲོད་བསྟེན་བརྟག་དཔྱད་བྱས་ཏེ་ཕྱི་ཚེས་ ༢༠ ཉིན་བརྟག་དཔྱད་གྲུབ་འབྲས་ཐོན་རྗེས་ཏོག་ནད་འགོས་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས།  སྐྱེས་པ་དེའི་ཨ་མ་ལགས་ཀྱིས་ས་གནས་བོད་ཕྲུག་ཁྱིམ་སྡེའི་ནང་མ་ཚབ་ཀྱི་ལས་ཀ་བྱེད་བཞིན་ཡོད་པས། ཨ་མ་ལགས་ལ་ལྟ་རུ་ཡོང་ཡོད་པ་དང་། སྐྱེས་པ་དེ་དང་འབྲེལ་འདྲིས་བྱུང་བའི་ས་གནས་འགོ་འཛིན་དང་། འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་དང་སྨན་ཞབས། ཁོ་རང་གི་ཨ་མ་སོགས་ཁྱོན་མི་སྣ་ ༡༩ ཡོད་པ་ཚང་མར་ཕྱི་ཚེས་ ༢༠ ཉིན་བརྟག་དཔྱད་བྱས་ཏེ་ཟུར་བཀག་འོག་བཞག་ཡོད་པ་དང་། སྐྱེས་པ་དེའི་དགའ་རོགས་ལ་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་མེད་ཀྱང་། མོ་ལ་བསྐྱར་དུ་བརྟག་དཔྱད་ཐེངས་གཉིས་པ་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་། བོད་མིའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གཞིས་ཆགས་ཆེ་གྲས་མོན་གྷོ་འདོད་རྒུ་གླིང་དུ་ཏོག་དབྱིབས་ནད་པ་ཞིག་ཐོན་ཡོད་སྐོར་བརྗོད་ཀྱི་ཡོད་པས། འདི་གའི་ས་གནས་གསར་འགོད་པས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་དེ་བདེན་མིན་དྲིས་པར་ཁོང་གིས། གནས་ཚུལ་དེ་དཀྲོག་གཏམ་རང་རེད་ཅེས་བརྗོད་བྱུང་།

རྒྱ་གར་གཞུང་གི་ཁྱིམ་སྡོད་བཀའ་རྒྱ་གུ་ཡངས་སུ་བཏང་རྗེས། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། མི་མང་ནང་སེམས་འཚབ་ཆེན་པོ་དང་སྦྲགས་རང་སོར་མ་བསྡད་པར་ཡར་མར་འགྲོ་འདུག་བྱེད་མཁན་མང་དུ་འགྲོ་བཞིན་པར་སྐྱོན་བརྗོད་བྱེད་མཁན་གང་འཚམ་མང་པོ་འདུག ཡང་སོ་སོའི་གནས་ཡུལ་ལམ་ཡང་ན་ཕ་མ་སྤུན་མཆེད་སོགས་ཡོད་སར་ཕྱིར་ལོག་བྱེད་པར་བཀག་འགོག་བྱས་ན་འོས་འཚམ་མིན་པའི་བསམ་ཚུལ་ཡང་ཡོང་གི་འདུག

རྒྱ་གར་ནང་ནད་པའི་གྲངས་འབོར་ཧ་ཅང་འཕར་བཞིན་ཡོད་པར་བརྟེན། ཉེན་ཁ་ཆེ་རུ་འགྲོ་ཡི་འདུག་ཅེས་སེམས་འཚབ་བྱེད་མཁན་བོད་མི་མང་པོ་འདུག་ཀྱང་། དེ་སྔ་བཞིན་རང་ངོས་ནས་ཡིད་གཟབ་དང་འགྲོ་འདུག་སྟངས་འཛིན་བྱེད་མ་ཐུབ་པའི་དཀའ་ངལ་ཤུགས་ཆེ་རུ་འགྲོ་བཞིན་འདུག

ལྷོ་ཕྱོགས་ས་གནས་གསར་འགོད་པ། དོན་འགྲུབ་བཀྲ་ཤིས། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༢

Leave a Reply