རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཤོས་བཞི་ལ་སྟངས་འཛིན་བྱས།

ཨ་རིའི་གཞུང་གིས་རྒྱ་ནག་གཞུང་འབྲེལ་གསར་ཁང་ཆེ་ཤོས་བཞི་ཕྱིའི་རྒྱལ་ཁབ་ཀྱི་རྩ་འཛུགས་ཤིག་ཏུ་ངོས་འཛིན་བྱས་ཏེ་གསར་ཁང་དེ་དག་གི་ལས་བྱེད་གྲངས་འབོར་དང་བདག་ཏུ་བཟུང་བའི་ས་ཁང་སོགས་ཀྱི་གནས་ཚུལ་འཛིན་སྐྱོང་ལྷན་ཁང་ལ་མཁོ་སྤྲོད་དགོས་པའི་ཐག་གཅོད་གནང་ཡོད་འདུགརྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གཞུང་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཁག་བཞི་ཕྱིའི་རྒྱལ་ཁབ་ཀྱི་རྩ་འཛུགས་ཤིག་ལ་ངོས་འཛིན་བྱས་ཏེ། ད་ནས་བཟུང་གསར་ཁང་དེ་དག་གི་ལས་མིའི་གྲངས་འབོར་དང་བདག་ཏུ་བཟུང་བའི་ས་ཁང་གི་གནས་ཚུལ་བཅས་ཨ་རིའི་གཞུང་ལ་མཁོ་སྤྲོད་བྱེད་དགོས་པ་བཟོས་ཡོད་འདུག

ཨ་རིའི་གཞུང་གི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཐད་ཀྱི་དྲུང་གཞོན་ཌེ་ཝི་ཌི་སི་ཊིལ་ཝེལ་ (David Stilwell) ལགས་ཀྱིས། ང་ཚོས་གསར་ཁང་འདི་དག་ཕྱིའི་རྒྱལ་ཁབ་ཀྱི་རྩ་འཛུགས་ཁོངས་སུ་བཅུག་པ་དེས། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ནང་བཙུགས་པའི་གསར་ཁང་གི་གཙོས་གསར་ཁང་སྤྱི་ཡོངས་ལ་སྟངས་འཛིན་དོ་ནན་བྱེད་བཞིན་ཡོད་པ་ངོས་འཛིན་ཞུ་ཡི་ཡོད། ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པས་སྔ་མོ་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་དམ་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་ནས་སྟངས་འཛིན་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ད་ཐེངས་མིང་འདོན་བྱས་པའི་གསར་ཁང་བཞི་དེ་ཚད་ལྡན་གྱི་གསར་ཁང་ཞིག་མིན་པར། དྲིལ་བསྒྲགས་ཀྱི་བརྒྱུད་ལམ་ཞིག་རེད། ཅེས་འགྲེལ་བརྗོད་གནང་འདུག

ད་ལན་ཨ་རིའི་གཞུང་གིས་ཕྱིའི་རྩ་འཛུགས་སུ་ངོས་འཛིན་བྱས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་ནི། རྒྱ་ནག་གི་བརྙན་འཕྲིན་ཁང་གཞི་རྒྱ་ཆེ་ཤོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུས་བརྙན་འཕྲིན་ཁང་ (China Central Television) དང་། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཤོས་གཉིས་པ་སྟེ། དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་རྒྱ་ནག་གསར་འགྱུར་ཞབས་ཞུ་ཁང་ (China News Service)། གཞུང་འབྲེལ་ཚགས་པར་ཁང་གཞི་རྒྱ་ཆེ་ཤོས་ཨང་དང་པོ་མི་མང་ཉིན་རེའི་ཚགས་པར་ཁང་ (People’s Daily)་དང་། མི་མང་ཉིན་རེའི་ཚགས་པར་ཁང་གིས་གཉེར་བའི་རྒྱ་ནག་གོ་ལའི་དུས་བབ་ (Global Times) བཅས་ཡིན་འདུག

ཨ་རིས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གི་གསར་ཁང་ཆེ་ཤོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཉེར་བཞིན་པའི་ཤིན་ཧྭ་གསར་ཁང་ (Xinhua News) གཙོས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཁག་ ༥ ཕྱིའི་རྩ་འཛུགས་སུ་ངོས་འཛིན་བྱས་ཡོད་པ་མ་ཟད། ཨ་རིར་རྟེན་གཞི་བྱས་པའི་གསར་ཁང་དེ་དག་རེ་རེའི་ནང་ལས་མི་ ༡༠༠ ལས་བརྒལ་མི་ཆོག་པ་མ་ཟད། གསར་ཁང་དེ་དག་གིས་བདག་གཉེར་བྱེད་བཞིན་པའི་རྒྱུ་དངོས་ས་ཁང་རིགས་ཀྱི་གནས་ཚུལ་རྣམས་ཨ་རིའི་འཛིན་སྐྱོང་ལྷན་ཁང་ལ་སྙན་གསེང་ཞུ་དགོས་ཀྱི་ཡོད་འདུག ཨ་རིའི་འཛིན་སྐྱོང་ལྷན་ཁང་གི་མགྲིན་ཚབ་མ་མོར་གྷན་ཨོར་ཊ་གྷ་སི་ (Morgan Ortagus)kkkkk གྱིས། ཨ་རིས་ཐག་གཅོད་དེ་ལྟར་བྱེད་དོན་གཙོ་བོ་ནི། རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་ཀྱིན་པའི་གསར་ཁང་དེ་དག་གིས་ཨ་རིའི་ནང་གཉེར་བཞིན་པའི་བྱ་འགུལ་དག་ཕྱི་གསལ་ནང་གསལ་ཡོང་ཆེད་ཡིན་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཨ་རིའི་ཐག་གཅོད་དེར་རྒོལ་ལན་ལྟ་བུ་བྱས་མི་འདུག་ཀྱང་། ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ཚུའེ་ཐན་ཁའེ་ (Cui Tiankai) ཟེར་བ་དེས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལ། ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གསར་ཁང་དེ་དག་གིས་ད་བར་ཡང་དག་པ་དང་། བདེན་པ། ཕྱོགས་རིས་མེད་པའི་གནས་ཚུལ་འགོད་མུས་ཡིན་ཡང་། ཨ་རིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་རྒྱ་ནག་གི་གསར་ཁང་དེ་དག་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་དང་། ཨ་རིའི་ཐག་གཅོད་དེ་ནི་རྒྱུ་མཚན་མེད་ཅིང་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། ཨ་རིའི་ཕྱོགས་ནས་རང་གི་ནོར་འཁྲུལ་ཡོ་བསྲང་གིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ལ་ཆབ་སྲིད་ཀྱི་དྲག་གནོན་བྱེད་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག དེ་བཞིན་ད་ཐེངས་གྱི་གསར་ཁང་བཞིའི་གྲས་སུ་ཡོད་པའི་གོ་ལའི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཤི་ཅིན་ (Hu Xijin) ཟེར་བ་དེས་སྒེར་གྱི་ཊི་ཝེ་ཊར་དྲ་ལམ་ཐོག་ཨ་རིའི་བྱེད་སྟངས་དེར་བློ་ཕམ་ཡོད་སྐོར་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིས་རྒྱ་ནག་གཞུང་འབྲེལ་གསར་ཁང་ཆེ་ཤོས་ཤིན་ཧྭ་གསར་ཁང་དང་། རྒྱ་ནག་གི་གོ་ལའི་བརྙན་འཕྲིན་བརྒྱུད་ལམ་ (China Global Television Network (CGTN)། རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་ (China Radio International)། རྒྱ་ནག་ཉིན་རེའི་ཚགས་པར་འགྲེམ་གཏོང་བྱེད་མཁན་ China Daily Distribution Corporation དང་། དེ་བཞིན་མི་མང་ཉིན་རེའི་ཚགས་པར་འགྲེམ་གཏོང་བྱེད་མཁན་ཧའེ་ཐན་ཡར་ཐོན་སྤྱི་གཉེར་ཁང་ (Hai Tian Development USA) བཅས་ཕྱིའི་རྩ་འཛུགས་སུ་ངོས་འཛིན་གྱིས་སྟངས་འཛིན་བཟོས་པར་བརྟེན། རྒྱ་ནག་གིས། ཨ་རིའི་གསར་ཁང་ཆེ་གྲས་ནེའུ་ཡོག་དུས་བབ་ (New York Times) དང་ཝོལ་སི་ཊེ་ཊི་ཇོར་ནལ་ (The Wall Street Journal)། ཝ་ཤིན་ཌོན་ཆ་འཕྲིན་ (Washington Post) བཅས་ཀྱི་རྒྱ་ནག་ཏུ་ཡོད་པའི་གསར་འགོད་པ་ཚོའི་གསར་འགོད་པའི་ལག་ཁྱེར་ཕྱིར་བསྡུས་པ་མ་ཟད། མ་འོངས་པར་ཧོང་ཀོང་དང་ཨོ་མིན་ (Macau) ཚུད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མུ་མཐུད་གསར་འགྱུར་གྱི་ལས་ཀ་གཉེར་མི་ཆོག་པའི་བཀའ་བསྒྲགས་ཡོད་པ་རེད།

རྒྱ་ནག་གིས་ཨ་རིའི་ཐག་གཅོད་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་མཐུན་ཚོགས་སོགས་ཀྱིས་དུས་རྒྱུན་དུ། རྒྱ་ནག་གིས་རྒྱལ་ནང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པའི་ཐོག་ཐོངས་མཆན་སོགས་ཀྱི་སྟེང་ནས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་དང་། བོད་གཙོས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་ས་ཁུལ་མི་ཉུང་བར་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ཕྱིར་སྐྱོད་ཀྱི་གོ་སྐབས་བྱུང་ཡང་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ཁྲིད་པ་ལས་རང་དབང་གིས་མྱུལ་ཞིབ་བྱེད་ཐབས་མེད་སྐོར་བརྗོད་ཡོད་པ་རེད་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཕྱིའི་གསར་འགོད་མཐུན་ཚོགས་(Foreign Correspondent’s Club of China) ཀྱིས། ལོ་ལྟར་རྒྱ་ནག་ཏུ་གསར་འགོད་བྱ་བ་གཉེར་བའི་ཕྱིའི་གསར་འགོད་པར་བཅར་འདྲི་སོགས་བྱས་ཏེ་ཞིབ་འཇུག་སྙན་ཐོ་འདོན་གྱི་ཡོད་པ་ལྟར། འདས་ལོའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་མི་འཕྲུལ་གཉིས་ཀའི་ཐོག་ནས་ཕྱིའི་གསར་འགོད་པར་གསང་བའི་ཐོག་ནས་མྱུལ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཤིན་ཅང་གཙོས་པའི་རྒྱ་ནག་གི་ས་ཁུལ་འགའ་ཤས་ནང་གསར་འགོད་པའི་འགྲོ་སྐྱོད་ལ་དམ་དྲག་དང་། གསར་འགོད་པའི་ལས་རིགས་ནང་ཐད་ཀར་ཐེ་བྱུས་ཤུགས་ཆེན་བྱེད་ཀྱི་ཡོད་པ། དེ་བཞིན་ཕྱིའི་གསར་འགོད་པར་ཐོངས་མཆན་སྤྲོད་ཕྱོགས་སོགས་ཀྱི་ཐད་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད་པ་སོགས་འདས་ལོའི་རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད། གཞན་ཡང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་སོགས་ཀྱི་སྙན་ཐོའི་ནང་དུའང་རྒྱ་ནག་གི་སྤྱི་ཡོངས་གསར་འགོད་རང་དབང་གི་གནས་བབ་སྔར་ལས་ཇེ་སྡུག་ཡིན་སྐོར་བཀོད་ཡོད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༢༣

Leave a Reply