བལ་ཡུལ་ནས་བོད་མི་རྒན་པོ་ཞིག་ལ་ཏོག་དབྱིབས་ནད་རྟཊ་ཐོན།

བལ་ཡུལ་གློ་ཚེ་རོག་གཞིས་ཆགས་ཀྱི་དགུང་ལོ་ ༨༣ ཅན་གྱི་བོད་མི་རྒན་པོ་ཞིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་དང་ཁོང་ལ་འབྲེལ་འདྲིས་བྱུང་བའི་མི་ཁག་ཅིག་ཀྱང་ཟུར་བཀག་འོག་བཞག་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བལ་ཡུལ་གྱི་གློ་ཚེ་རོག་གཞིས་ཆགས་ཀྱི་དགུང་ལོ་༨༣ ཅན་གྱི་བོད་མི་ཞིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པར་བརྟེན། ད་ལྟ་བལ་ཡུལ་གཞུང་གི་ཟུར་བཀག་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་དང་འབྲེལ་འདྲིས་བྱུང་བའི་གློ་ཚེ་རོག་གཞིས་ཆགས་ཀྱི་མི་ཁག་ཅིག་ས་གནས་ཀྱི་ཟུར་བཀག་འོག་བཞག་ཡོད་འདུག་ལ། བལ་ཡུལ་དོན་གཅོད་ལགས་ཀྱིས་པ་ལགས་ནམ་རྒྱུན་ནས་གཟུགས་པོ་དེ་ཙམ་ཐང་པོ་མེད་ཀྱང་། ད་ལྟའི་ཆར་ཁོང་གི་གནས་སྟངས་ཡག་པོ་ཡོད་སྐོར་བརྗོད་བྱུང་།

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ། པ་ལགས་ཀྱི་འཕྲོད་བསྟེན་གནས་སྟངས་དང་ཏོག་དབྱིབས་ནད་རྟགས་ངོས་འཛིན་བྱུང་བའི་སྐོར་དྲིས་པར་ཁོང་གིས། དེང་སང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཕྱི་མི་ཞིག་གཞིས་ཆགས་ནང་ཡོང་སྐབས། ཐོག་མར་བརྟག་དཔྱད་གཏོང་གི་ཡོད་པ་ལྟར། པ་ལགས་དང་རོགས་པ་ཚང་མར་བརྟག་དཔྱད་བྱེད་སྐབས། པ་ལགས་སུ་ཏོག་དབྱིབས་ནད་རྟགས་ཐོན་པ་དང་དེ་ནས་ས་གནས་གཞུང་གིས་ཟུར་བཀག་འོག་བཞག་པ་རེད། ཁོའི་རོགས་པ་ཚང་མ་གཞིས་ཆགས་ནང་ཟུར་བཀག་འོག་བཞག་ཡོད། ཕྱི་ཚེས་ ༢༠ ཉིན་པ་ལགས་སུ་བསྐྱར་དུ་(PCR)བརྟག་དཔྱད་བྱེད་སྐབས་ཏོག་དབྱིབས་ནད་ཚ་ཕོག་ཡོད་པ་གསལ་བོ་ཆགས་ཡོད། ཅེས་དང་། སྤྱིར་བཏང་པ་ལགས་ཀྱི་མིག་སྐྱོ་བོ་དང་ཁྲག་ཤེད་མཐོ་བ། དབུགས་གཏོང་ལེན་བྱེད་པར་དཀའ་ངལ་ཡོད་པ་ཞིག་ཡིན་པ་དང་། ཁོང་ལ་ཏོག་དབྱིབས་ནད་ཚ་ཕོག་དགོས་པའི་རྒྱུ་རྐྱེན་ཡང་ནམ་རྒྱུན་འཕྲོད་བསྟེན་གྱི་གནས་སྟངས་ཞན་རྐྱེན་ཡིན་སྲིད་པ་དང་། ད་ལྟ་པ་ལགས་ཀྱི་གཟུགས་པོའི གནས་སྟངས་ཡག་པོ་ཡོད་པ་དང་དཀའ་ངལ་གཞན་གང་ཡང་མེད་པ་མ་ཟད། ས་གནས་མགོ་འཛིན་བརྒྱུད་པ་ལགས་སུ་ལྟ་རྟོག་ལེགས་པོ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

དོན་གཅོད་ལགས་ཀྱི་ངོ་སྤྲོད་ལྟར་ན། པ་ལགས་གློ་ཚེ་རོག་གཞིས་ཆགས་ནས་ཡིན་ཡང་། དགུན་དུས་སུ་གློ་ཚེ་རོག་ཁུལ་དུ་གནམ་གཤིས་གྲང་མོ་ཡོད་སྟབས། ལོ་རྟག་པར་གཞིས་ཆགས་ཀྱི་མི་རྣམས་སོ་སོའི་གཉེན་ཉེ་དང་སྤུན་མཆེད་སོགས་ཡོད་སའི་རྒྱལ་ས་ཀ་ཐ་མན་ཌི་དང་སྤོག་ར་ཕྱོགས་སུ་ཡོང་གི་ཡོད། འདི་ལོའི་དགུན་ཁར་པ་ལགས་ཀ་ཐ་མན་ཌི་རུ་ཡོང་ཡོད་པ་དང་། དེའི་རྗེས་ཁྱིམ་སྡོད་བཀའ་རྒྱ་བཏང་བའི་རྐྱེན་གྱིས་ཕྱིར་ལོག་མ་ཐུབ་པ་རེད། འོན་ཀྱང་། ཉེ་སྔོན་བལ་ཡུལ་གཞུང་ལ་སྙན་ཞུ་ཕུལ་པ་བརྒྱུད་བཀའ་འཁྲོལ་ཐོབ་སྟེ།  ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་པ་ལགས་སོགས་གཞིས་མི་ ༢༢ གློ་ཚེ་རོག་ཏུ་ལོག་ནས་ཕྱི་ཚེས་ ༡༦ ཉིན་གཞིས་ཆགས་ལ་འབྱོར་ཡོད་འདུག་ལ། པ་ལགས་ནི་བལ་ཡུལ་ནང་ཏོག་དབྱིབས་ནད་ཚ་ཕོག་མཁན་བོད་མི་དང་པོ་ཡིན་པ་དང་། ད་ལྟ་བོད་མི་འདུས་སྡོད་མང་སའི་མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་ཁུལ་དུ་བོད་མི་ཏོག་ནད་ཅན་མེད་འདུག

བལ་ཡུལ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་པ་ཁྱོན་ ༩༥༦༡ དང་དྲག་སྐྱེད་བྱུང་བ་༡༡༤༨ ཡོད་པ་དང་། བལ་ཡུལ་གྱི་ཏོག་དབྱིབས་ནད་པ་མང་ཆེ་བ་རྒྱ་གར་དང་ས་མཚམས་ཀྱི་གྲོང་སྡེ་ཁག་ཏུ་བྱུང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༢༤

Leave a Reply