རྒྱ་ནག་གིས་ཉི་ཧོང་ལའང་དམག་འཁྲུག་སློང་གི་འདུག

ཡུན་རིང་ནས་རྩོད་གཞིར་གྱུར་བའི་ཉི་ཧོང་གི་གླིང་ཕྲན་ཁག་ཅིག་གི་བདག་དབང་རྩོད་རྙོག་བསྐྱར་དུ་བསླངས་ཏེ་གནམ་མཚོ་གཉིས་ནས་དམག་འཐབ་གྲ་སྒྲིག་བྱེད་ཀྱི་ཡོད་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་ཤས་སྔོན་ནས་རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ཉི་ཧོང་གི་གླིང་ཕྲན་ཁག་གི་བདག་དབང་རྩོད་རྙོག་བསྐྱར་དུ་བསླངས་ཏེ། འཐབ་འཛིང་གནམ་གྲུ་དང་། དམག་གྲུ། མཚོ་འོག་དམག་གྲུ་སོགས་བཏང་སྟེ་ལྟ་ཞིབ་སྐོར་གཡེང་བྱེད་ཀྱི་ཡོད་པ་དང་། ཉི་ཧོང་ཕྱོགས་ནས་ཀྱང་མཚོ་དམག་གྲུ་གཟེངས་དང་མེ་ཤུགས་འཕུར་མདེལ་སོགས་གྲ་སྒྲིག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཚེས་ ༢༢ ཉིན་ཉི་ཧོང་ཨི་ཤི་གྷཱ་ཁི་(Ishigaki)གྲོང་ཁྱེར་གྲོས་ཚོགས་འཐུས་མིས་སན་ཁཱ་ཁོ་གླིང་ཕྲན་(Senkaku Islands)དེ་གྲོང་ཁྱེར་དེའི་ཁུངས་ཡིན་སྐོར་བརྗོད་ནས། ཉེ་ཁུལ་དེར་ས་མིང་དེ་འདྲ་གཅིག་པ་ཅན་ཞིག་ཡོད་པར་མི་ནོར་ཆེད་ཡིན་སྐོར་བརྗོད་ནས་གླིང་ཕྲན་མིང་བརྗེས་ནས་ཏོ་ནོ་ཤི་རོ་སན་ཁཱ་ཁོ་(Tonoshiro Senkaku)ཞེས་བཏགས་ཡོད་འདུག

གནད་དོན་དེའི་ཐད་ཉི་ཧོང་བློན་ཆེན་ལྷན་ཁང་གི་དྲུང་ཆེ་ཡོ་ཤི་ཧེ་དྷི་སཱ་གྷ(Yoshihide Suga)ཡིས།ཁུལ་དེར་ཡོད་པའི་གླིང་ཕྲན་དག་ནི་ཉི་ཧོང་གི་མངའ་ཁུངས་ཡིན་པ་དང་། རྒྱ་ནག་གིས་ཁུལ་དེར་མུ་མཐུད་རྩོད་རྙོག་སློང་བཞིན་པ་ནི་ཉེན་ཚབ་ཆེན་པོ་ཞིག་ཡིན་ན་ཡང་། ཉི་ཧོང་ཕྱོགས་ནས་མངའ་ཁུལ་གླིང་ཕྲན་དེ་དག་གི་བདག་དབང་ཆེད་འགོག་སྲུང་ནན་མོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། ཉི་ཧོང་གིས་གླིང་ཕྲན་གི་མིང་བརྗེས་བའི་ཐད་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian)ཟེར་བས། གླིང་ཕྲན་དེ་ནི་རྒྱ་ནག་གི་མངའ་ཁུལ་རྩོད་མེད་ཅིག་ཡིན་པས། ཉི་ཧོང་ཕྱོགས་ནས་གླིང་ཕྲན་དེའི་མིང་བརྗེས་བ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཐེ་གཏོགས་བྱས་པ་ཡིན་པས། རྒྱ་ནག་ཕྱོགས་ནས་མཐའ་གཅིག་ཏུ་མངའ་ཁུངས་སྲུང་སྐྱོབ་ཆེད་བློ་ཐག་ཆོད་པོས་ཕར་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་སྲིད་དོན་དཔྱད་བརྗོད་པ་ཚོས་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་མཚོ་ཁུལ་རྩོད་རྙོག་ཤུགས་ཆེ་རུ་སོང་བ་ཡིན་ན། ཨ་རིར་ཉི་ཧོང་གི་མངའ་ཁོངས་སྲུང་སྐྱོབ་ཀྱི་འགན་ཡོད་པས། གནས་ཚུལ་ཛ་དྲག་ཆེན་པོ་ཆགས་གཞི་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གིས་གང་ས་གང་དུ་འཁྲུག་རྩོད་སློང་གི་ཡོད་པ་དེས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་དེ་དག་གི་བདག་དབང་རྩོད་འདོད་ཙམ་མིན་པར། ཨ་རིས་ཉི་ཧོང་གི་མངའ་ཁོངས་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་དམིགས་ཏེ་ཨ་རིར་ཡ་ལན་སློག་ཐབས་ཤིག་ཀྱང་ཆགས་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང། རྒྱ་ནག་རྒྱལ་སྤྱིའི་ཕྱི་སྲིད་འབྲེལ་ལམ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལའེ་ཧེ་ཏོང་(Li Haidong)ཟེར་བ་ཞིག་གིས་ཀྱང་། ཨ་རིའི་སི་ཨན་ཨན་གསར་ཁང་ལ་ཉི་ཧོང་ཕྱོགས་ནས་གླིང་ཕྲན་གྱི་མིང་བརྗེས་བ་དེས་རྩོད་རྙོག་ཤུགས་ཆེ་རུ་དང་ཕྱོགས་གཉིས་ཀྱི་གདོང་ཐུག་ཛ་དྲག་ཏུ་བཏང་ཡོད་སྐོར་བརྗོད་འདུག

དེ་བཞིན་ཐའེ་ཝན་ཕྱོགས་ནས་ཉི་ཧོང་གིས་ཐའེ་ཝན་དང་ཉེ་འབྲེལ་དུ་འཁེལ་བའི་གླིང་ཕྲན་གྱི་མིང་བརྗེས་བ་དེ་ནི་མངའ་ཁུལ་བརྟན་བརླིང་ལ་གནོད་སྐྱོན་བཟོ་གཞི་ཞིག་ཏུ་གྱུར་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། སེངྒ་པོར་གྱི་(ISEAS-Yusof Ishak)སློབ་གཉེར་ཁང་གི་སློབ་དཔོན་ཝ་ལིན་ཁྲོན(William Choong)ཞེས་པ་ཞིག་གིས་དེ་འབྲེལ་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གིས་ཉི་ཧོང་ལ་མངའ་ཁུལ་བདག་དབང་རྩོད་གཞིན་པའི་དམིགས་འབེན་གཙོ་བོ་ཨ་རི་ཡིན་པ་དང་། འདྲི་གཞི་གཙོ་བོ་དེ་གླིང་ཕྲན་རྩད་ནས་འཐབ་འཁྲུག་བྱེད་རྒྱུ་མ་ཡིན་པར། གནས་དུས་ག་འདྲ་ཞིག་ལ་རྒྱ་ནག་གིས་ཨ་རིར་དམག་འཁྲུག་སློང་རྒྱུ་དེ་ཡིན་པ་དང་། གནད་དོན་དེ་ནི་ཉི་ཧོང་དང་ཨ་རིའི་སྲིད་བྱུས་ཇུས་འདོན་པ་ཚོས་སྔོན་ཚུད་ནས་གསལ་རྟོགས་བྱུང་ཡོད་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག

རྒྱ་ནག་དང་ཉི་ཧོང་བར་གྱི་འགལ་ཟླའི་འབྱུང་རྐྱེན་གཙོ་བོ་དེ། ཐའེ་ཝན་གྱི་བྱང་ཤར་དང་རྒྱ་ནག་སྐམ་ས་ཆེན་མོའི་ཤར་ཕྱོགས། ཉི་ཧོང་གི་ལྷོ་ཤར་ཁུལ་དུ་ཡོད་པའི་སྤྱི་ལེ་གྲུ་བཞི་མ་ ༧ ཙམ་གྱི་མཚོ་གླིང་ཆེ་ཆུང་བརྒྱད་ཙམ་ཡོད་པ་དེ་དག་གི་བདག་དབང་ཆེད་ཡིན་པ་དང་། ཉི་ཧོང་གཞུང་གིས་ཐའེ་ཝན་གཙོས་མཚོ་གླིང་དེ་དག་ ༡༨༩༥ ལོར་ཉི་ཧོང་གི་ས་ཁོངས་སུ་བདག་བཟུང་བྱས་ཞིང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་མཚོ་གླིང་དེ་དག་དང་གཞན་ས་ཁུལ་མང་པོ་ཞིག་ཨ་རིའི་དབང་སྒྱུར་འོག་ཤོར་རྗེས། ཕྱི་ལོ་ ༡༩༧༡ ལོར་ཉི་ཧོང་གི་ཨོ་ཁེ་ནཱ་ཝ(Okinawa)ཕྱི་འབྲེལ་སླར་གསོའི་སྐབས། མཚོ་གླིང་དེ་དག་ཚུད་པའི་ས་ཁུལ་གཞན་རྣམས་ཀྱང་བསྐྱར་དུ་ཉི་ཧོང་ལ་ཕྱིར་སྤྲོད་བྱས་ཡོད་པས། ད་ཆར་མཚོ་གླིང་དེ་དག་ཉི་ཧོང་གི་མངའ་ཁོངས་སུ་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

དེ་བཞིན་རྒྱ་ནག་ཕྱོགས་ནས་མཚོ་གླིང་དེ་དག་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁུལ་སྙོན་མེད་ཅིག་ཡིན་པའི་ལོ་རྒྱུས་བདེན་དཔང་དང་བཅས་པ་ཡོད་པ་མ་ཟད། ༡༨༩༥ ལོའི་ཤི་མོ་ནོ་སི་ཁེ་(Shimonoseki)ཞེས་པའི་ཆིངས་ཡིག་འཇོག་སྐབས། ཐའེ་ཝན་གཙོས་མཚོ་གླིང་དེ་དག་ཉི་ཧོང་གི་མངའ་ཁོངས་ཆགས་ཡོད་ཀྱང་། རྒྱ་ནག་དང་ཉི་ཧོང་དམག་འཁྲུག་རྗེས་ཀྱི་སན་ཧྥ་རན་སེ་ཁོ་(San Francisco)ཆིངས་ཡིག་སྐབས་ཐའེ་ཝན་ཕྱིར་སློག་བྱས་ཡོད་ལ། མཚོ་གླིང་གཞན་རྣམས་ཀྱང་དེའི་ཆ་ཤས་ཡིན་སྟབས། ངེས་པར་དུ་ཕྱིར་སློག་བྱ་དགོས་སྐོར་བརྗོད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་མཐོ་འབྲིང་སློབ་གྲྭ་ཁག་གི་ནང་ལོ་རྒྱུས་སློབ་དེབ་གསར་པ་ཞིག་བཟོས་པའི་ནང་། ད་ལྟ་རྒྱའི་དབང་བསྒྱུར་འོག་ཡོད་པའི་བོད་དང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ། ཐའེ་ཝན་སོགས་རྒྱལ་སྤྱིའི་ཐོག་མངའ་ཁོངས་ཀྱི་བདག་དབང་རྩོད་རྙོག་ཅན་དུ་གྱུར་བའི་ས་ཁུལ་རྣམས་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་དང་དབང་བསྒྱུར་འོག་ཡིན་ལུགས་བཀོད་ཡོད་པ་རེད། 

གླིང་ཕྲན་དེ་དག་མི་འཚོ་སྡོད་དང་འཛུགས་སྐྲུན་རིགས་བྱེད་ཐུབ་སའི་རྒྱ་ཁྱོན་ཆེན་པོ་དེ་འདྲ་མེད་ན་ཡང་། ལོ་ཤས་སྔོན་ཉི་ཧོང་ཕྱོགས་ཀྱི་ཉ་བ་ཚོས་ཉ་འཛིན་ས་དང་སྐམ་ས་བྱས་ཏེ་ཡུན་རིང་བསྡད་ཡོད་ཀྱང་། རྗེས་སུ་ཚོང་ལས་སོགས་ཡག་པོ་མ་བྱུང་སྟབས། གླིང་ཕྲན་དེ་དག་དུས་ཡུན་རིང་པོར་མི་མེད་ས་སྟོང་དུ་བཞག་ཡོད་ཀྱང་། གླིང་ཕྲན་དེ་དག་བརྒྱུད་ནས་རྒྱལ་སྤྱིའི་ཚོང་ལས་ཀྱི་མཚོ་གྲུའི་བརྒྱུད་ལམ་དང་། གླིང་ཕྲན་མཐའ་འཁོར་དུ་སྣུམ་གྱི་ཐོན་ཁུངས་འབོར་ཆེན་ཡོད་པ་ཤེས་རྟོགས་བྱུང་རྗེས་ཉེ་འཁོར་གྱི་རྒྱལ་ཁབ་ཁག་གི་བར་བདག་དབང་རྩོད་རྙོག་ཡོང་གི་ཡོད་པ་དང་།  ཉི་རྒྱ་གཉིས་ཀྱིས་གླིང་ཕྲན་དེ་དག་གི་བདག་དབང་ཆེད་གདོང་ཐུག་བྱུང་བ་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་ ༢༠༡༠ ལོར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ཐད་འགལ་ཟླ་ཆེན་པོ་བྱུང་ཡོད་པ་མ་ཟད། མཚོ་ངོགས་སོ་སོའི་མང་ཚོགས་ཁྲོད་དུའང་འགལ་བ་ཆེ་རུ་ཕྱིན་ཏེ། ཡུལ་གཉིས་ཀྱི་ནང་ཡོད་པའི་མི་སེར་དང་བཟོ་གྲྭ་ཁག་ལ་སྲུང་སྐྱོབ་བྱེད་དགོས་བྱུང་བ་སོགས་ཀྱི་འགལ་ཟླ་རིམ་པར་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༤

Leave a Reply