ཡུ་རོབ་མཐུན་ཚོགས་ཀྱིས་ཞི་ཅིན་ཕིན་ལ་བོད་དོན་གླེང་སློང་གནང་།

ཡུ་རོབ་མཐུན་ཚོགས་ཀྱིས་བརྙན་ལམ་བརྒྱུད་ཞི་ཅིན་ཕིན་དང་ལེ་ཁི་ཆཱང་ལ་ཐད་ཀར་བོད་མིའི་ཆོས་དད་རང་དབང་གླེང་སློང་གནང་ཡོད་སྐོར་གསལ་བསྒྲགས་གནང་།ཁ་སང་ཕྱི་ཚེས་ ༢༢ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ལྷན་ཁང་གི་ཚོགས་གཙོ་ཆར་ལི་སི་མི་ཤཱལ་ (Charles Michel) དང་འཛིན་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་ཌིར་ལི་ཡོན་ (Ursula von der Leyen )རྣམ་གཉིས་གཙོ་བོར་གྱུར་བའི་ཆེས་མཐོའི་དཔོན་རིགས་ཁག་ཅིག་གིས་བརྙན་ལམ་བརྒྱུད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁི་ཆཱང་གཉིས་དང་ལྷན་ཚོང་འབྲེལ་དང་ཏོག་དབྱིབས་ནད་ཡམས། ཧོང་ཀོང་གི་བདེ་འཇགས་ཁྲིམས་འཆར་སོགས་ཀྱི་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གླེང་སློང་དང་། ཧོང་ཀོང་ནང་གི་ཁྲིམས་གཞི་དང་འབྲེལ་རྒྱ་ནག་གཞུང་ལ་མཇུག་འབྲས་ཧ་ཅང་ངན་པ་འབྱུང་ངེས་པའི་ཉེན་བརྡ་བཏང་ཡོད་སྐོར་བརྗོད་འདུག

བརྙན་ལམ་གྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་བཏོན་པའི་ཧོང་ཀོང་གི་ཁྲིམས་གཞི་གསར་པ་དང་། ཏོག་དབྱིབས་ནད་ཡམས་དང་གནམ་གཤིས་འགྱུར་ལྡོག་ལ་གཏོང་ལེན་བྱེད་ཕྱོགས། དེང་རབས་འཕྲུལ་རིགས་ཡར་རྒྱས་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དགོས་པ། དེ་བཞིན་དྲ་རྒྱའི་བདེ་འཇགས་དང་དྲིལ་བསྒྲགས་རྫུན་མ་སོགས་ཀྱི་སྐོར་ཡིན་འདུག་ལ།  ཡུ་རོབ་མཐུན་ཚོགས་ཀྱི་དྲ་ཐོག་གི་གནས་ཚུལ་ལྟར་ན། ཚོགས་འདུའི་སྐབས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་རྩིས་མེད་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པའི་གཞི་རྩའི་ཐོབ་ཐང་ཁག་ལ་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་སྐོར་གྱི་གླེང་སློང་བྱས་ཡོད་སྐོར་དང་། ཏོག་དབྱིབས་ནད་ཡམས་དང་འབྲེལ་འགྲིམ་འགྲུལ་བཀག་སྡོམ་ཇེ་ལྷོད་དུ་ཕྱིན་རྗེས། འདི་ལོའི་ལོ་མཇུག་ཏུ་ཕྱོགས་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བྱེད་པར་རྒྱ་ནག་ལ་སྐུལ་འདེད་བྱས་ཡོད་སྐོར་སོགས་བཀོད་འདུག

ཚོགས་འདུའི་རྗེས་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་ཌིར་ལི་ཡོན་ (Ursula von der Leyen) གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག ང་ཚོ་དང་རྒྱ་ནག་བར་མུ་མཐུད་ཚོང་འབྲེལ་དང་མ་འཛུགས་ཀྱི་ཐད་ལ་ཆ་སྙོམས་བྱུང་མེད། ང་ཚོས་འདས་ལོའི་ཚོགས་ཆེན་སྟེང་ཁྲོམ་ར་སྒོ་འབྱེད་ཀྱི་འགལ་རྐྱེན་དང་འབྲེལ་བའི་ཐད་དམིགས་ཚད་གཞིར་བཟུང་གིས་ཡར་རྒྱས་བཏང་ཐུབ་མེད། ཅེས་དང་། ཕྱོགས་གཉིས་ཀས་ཁས་བླངས་པའི་གནད་དོན་ཁག་མུ་མཐུད་ལག་བསྟར་བྱ་དགོས་པ་དང་། ལྷག་པར་དུ་རྒྱ་ནག་ངོས་ནས་ཕྱོགས་གཉིས་ཀྱི་མ་འཛུགས་ཀྱི་གྲོས་མོལ་ལེགས་གྲུབ་ཡོང་བར་ཆོད་སེམས་བརྟན་པོ་དགོས་སྐོར་བརྗོད་ཡོད་འདུག

དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ལྷན་ཁང་གི་ཚོགས་གཙོ་ཆར་ལི་སི་མི་ཤཱལ་ (Charles Michel) གྱིས། རྒྱ་ནག་དང་མཉམ་འབྲེལ་ངེས་པར་མཁོ་བ་ཞིག་དང་གོ་སྐབས་ཤིག་ཡིན་ནའང་། ཤེས་དགོས་པ་ཞིག་ལ་རྒྱ་ནག་དང་ང་ཚོའི་བར་རིན་ཐང་དང་ཆབ་སྲིད་ཀྱི་ལམ་ལུགས། རྒྱལ་སྤྱིའི་ཐོག་མཉམ་འབྲེལ་གྱི་ལྟ་ཚུལ་འཛིན་སྟངས་བཅས་གཅིག་མཚུངས་མིན་པས། ང་ཚོས་རྒྱ་ནག་དང་མཉམ་དུ་གདེང་སྤོབས་ཆེན་པོ་དང་སེམས་ཐག་ཆོད་པོའི་ངང་ཡུ་རོབ་མཉམ་འབྲེལ་གྱི་དགོས་འདུན་ལ་སྲུང་སྐྱོབ་དང་། ང་ཚོའི་རིན་ཐང་ཕྱོགས་སུ་ལངས་རྒྱུ་ཡིན། ཞེས་དང་། ཧོང་ཀོང་ནང་གི་ཁྲིམས་གཞི་དང་འབྲེལ་རྒྱ་ནག་གཞུང་ལ་མཇུག་འབྲས་ཧ་ཅང་ངན་པ་འབྱུང་ངེས་པའི་ཉེན་བརྡ་ཡང་བཏང་ཡོད་སྐོར་བརྗོད་འདུག

དེའི་ཐད་རྒྱ་ནག་གཞུང་འབྲེལ་གོ་ལའི་བརྙན་འཕྲིན་ཁང་ (CGTN) གིས་སྤེལ་བའི་གནས་ཚུལ་ནང་། ཚོགས་འདུའི་སྐབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གླེང་སློང་བྱུང་སྐོར་སོགས་བཀོད་མེད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དང་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད་དང་ཡིད་ཆེས་བརླག་ཡོད་སྐོར་བརྗོད་ཡོད་ནའང་། ཧོང་ཀོང་གི་གནད་དོན་ནི་ནང་རྒྱལ་གྱི་གནད་དོན་ཞིག་ཡིན་པས་རྒྱ་ནག་གཞུང་གིས་དེའི་ཐད་ལངས་ཕྱོགས་བརྟན་པོ་བཟུང་ཡོད་སྐོར་བཀོད་འདུག་ལ། སྲིད་བློན་ལི་ཁི་ཆཱང་གིས། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ནི་ཁྲོམ་ར་གཅིག་གི་འགྲན་ཡ་མིན་པར་ཚོང་ཤག་ཡིན་སྐོར་བརྗོད་དེ་ཕྱོགས་གཉིས་སུ་ཚོང་འབྲེལ་གྱི་འགལ་བ་སེལ་ཐུབ་པའི་རྣམ་འགྱུར་བསྟན་ཡོད་འདུག་ལ། ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་ཕྱིའི་ཐེ་བྱུས་ལ་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་འདུག

ཉེ་བའི་ལོ་ཤས་ནས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་བར་ཚོང་འབྲེལ་དོ་མཉམ་མ་བྱུང་བའི་གནད་དོན་ཐད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། འདི་ལོའི་ཏོག་དབྱིབས་ནད་ཡམས་དང་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དང་འབྲེལ་འཛམ་གླིག་གི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ལ། ཉེ་ཆར་ཕྱི་ཟླ་ ༩ ནང་སྲིད་འཛིན་ཞི་ཅིན་ཕིན་དང་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་ཚོའི་བར་དུ་ཚོགས་ཆེན་ཞིག་འཚོགས་འཆར་ཡོད་པ་དེ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཕྱིར་འགྱངས་བྱས་ཡོད་པ་དང་། ཉེ་ཆར་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ངོས་ནས་གལ་སྲིད་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཁྲིམས་ལག་བསྟར་བྱས་ཚེ། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་དུ་རྒྱ་ནག་ཁྲིམས་གཏུག་བྱ་དགོས་པའི་སྐུལ་མ་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༢༣

Leave a Reply