རྒྱ་ནག་གིས་ས་ཆ་མང་པོ་བཙན་འཕྲོག་བྱས་ཀྱང་བལ་ཡུལ་གཞུང་གིས་གང་ཡང་ལབ་ཕོད་ཀྱི་མེད་འདུག

རྒྱ་ནག་གཞུང་གིས་བལ་ཡུལ་མཐའ་མཚམས་ཀྱི་ས་ཆ་མང་པོ་བཙན་བཟུང་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་བལ་ཡུལ་གཞུང་གིས་མ་འོངས་པར་མངའ་ཁོངས་ཕོན་ཆེན་ཤོར་ཉེན་ཡོད་པའི་སྙན་ཐོ་ཞིག་བཏོན་ཏེ་ཁུ་སིམ་མེར་བསྡད་ཡོད་འདུགདེ་རིང་རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་སོགས་ཀྱི་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་འདས་པའི་ལོ་གཉིས་ནང་བལ་ཡུལ་གྱི་བྱང་ཕྱོགས་གོར་ཁ་རྫོང་(Gorkha District) རུའེ་གྲོང་རྡལ་ (Rui Village)ནང་སིམ་འཛུལ་བྱས་ཏེ། བལ་ཡུལ་གཞུང་གིས་ས་མཚམས་སུ་བཙུགས་པའི་ཀ་བ་རྣམས་བཀོག་པ་མ་ཟད། འབྱུང་འགྱུར་ས་ཁུལ་ཡོངས་རྫོགས་ལ་སྟངས་འཛིན་བྱ་ཆེད་རླངས་འཁོར་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་ཀྱང་། བལ་ཡུལ་གཞུང་གིས་ཁུ་སིམ་སིམ་ངང་ཟུར་འཇོག་བྱས་ནས་བསྡད་ཡོད་འདུག

གནད་ཡོད་གཞུང་འབྲེལ་མི་སྣ་ཞིག་གིས་རྒྱ་གར་ཨེ་ཤ་ཡའི་གསར་འགྱུར་ལས་ཁང་ (Indo-Asian News Service) ལ། རྒྱ་ནག་གིས་སོ་སོས་ཁས་བླངས་པའི་ཕྱི་འབྲེལ་སྲིད་བྱུས་ཡལ་བར་དོར་ནས། བལ་ཡུལ་གྱི་རུའེ་གྲོང་སྡེ་ཡོངས་སུ་བཙན་བཟུང་བྱས་ཡོད་སྟབས། དུད་ཁྱིམ་ ༧༢ ལས་གྲུབ་པའི་གྲོང་སྡེའི་མང་ཚོགས་རྣམས་ཀྱིས་དེར་ངོ་རྒོལ་བྱེད་བཞིན་ཡོད། འདིས་ད་ལྟའི་བལ་ཡལ་གཞུང་གིས་རྒྱ་ནག་ལ་མགོ་བཏགས་ཞུས་པའི་རྣམ་པ་མཚོན་གྱི་ཡོད་ཅིང་། རྒྱ་གར་ལ་ངོ་རྒོལ་གྱི་བསྒྲགས་གཏམ་དང་བྱ་འགུལ་སྤེལ་གྱི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གར་ཨེ་ཤ་ཡའི་གསར་འགྱུར་ལས་ཁང་གི་གནས་ཚུལ་ནང་། རྒྱ་ནག་གིས་འདས་པའི་ལོ་ཤས་ནང་རུའི་གྲོང་སྡེ་ཙམ་མ་ཟད། བལ་ཡུལ་གྱི་བྱང་ཤར་བརྒྱུད་ཀྱི་རྫོང་ཁག་ ༤ ཡི་ས་ཁུལ་རྒྱ་ཁྱོན་ལ་ཧེག་ཊར་ ༣༦ ལྷག་ཡོད་པ་སྟེ། ཁྱོན་ས་ཁུལ་འདྲ་མིན་ ༡༡ ཙམ་བཙན་བཟུང་བྱས་ཡོད་སྐོར་དང་། ཉེ་ཆར་བལ་ཡུལ་གྱི་ཞིང་ལས་ལྷན་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གིས་བལ་ཡུལ་དང་ཉེ་འབྲེལ་བོད་ཀྱི་ས་མཚམས་ཁུལ་དུ་རླངས་འཁོར་གཞུང་ལམ་འཛུགས་སྐྲུན་ཤུགས་ཆེན་བྱེད་བཞིན་པའི་རྐྱེན་གྱིས། བལ་བོད་ས་མཚམས་ཀྱི་ལྟེ་བའི་ཆུ་མོ་དག་གི་ཁ་ཕྱོགས་གྱུར་སྟེ། ཆུ་མོ་མི་ཉུང་བ་ཞིག་བལ་ཡུལ་གྱི་ཕྱོགས་སུ་རྒྱུག་མགོ་བཙུགས་ཡོད་པ་དང་། རིམ་པས་བལ་ཡུལ་གྱི་ས་ཆ་རྣམས་ཆུ་མོའི་ཕ་རོལ་ཏུ་ཕྱིན་ཏེ་བོད་ཁོངས་སུ་ཚུད་བཞིན་ཡོད་སྐོར་བཀོད་འདུག་པ་མ་ཟད། རྒྱ་ནག་གིས་ཆེད་དུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། བལ་ཡུལ་གྱི་ས་ཆ་རང་ཁོངས་སུ་འཇུག་ཐབས་བྱེད་ཀྱི་ཡོད་སྲིད་སྐོར་དང་། བལ་ཡུལ་གྱིས་གནད་དོན་འདི་རང་སོར་བཞག་ཚེ། འབྱུང་འགྱུར་བལ་ཡུལ་གྱི་ས་ཆ་ཕོན་ཆེན་རྒྱ་ནག་ལ་འཆོར་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

གཞུང་འབྲེལ་སྙན་ཐོ་དེའི་ནང་། རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁུལ་དུ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས། བལ་ཡུལ་གྱི་བྱང་བརྒྱུད་བྷག་དྷ་རེ་ (Bagdare Khola) དང་། ཀར་ན་ལི་རྒྱུག་ཆུའི་ (Karnali river) ཁ་ཕྱོགས་གྱུར་བ་དང་བསྟུན། རྒྱ་ནག་གིས་བལ་ཡུལ་གྱི་འུམ་ལྷོ་ (Humla) རྫོང་ཁག་གི་ས་ཁྱོན་ཧེག་ཊར་ ༡༠ ལྷག་བཟུང་ཡོད་པ་དང་། དེ་བཞིན་ཤར་བརྒྱུད་ར་སུ་ཝ་རྫོང་ (Rasuwa) གི་སིན་ཇན་ (Sinjen) དང་། བྷུར་ཇུག (Bhurjuk) ཇམ་བུ་ (Jambu) རྒྱུག་ཆུའི་ཁ་ཕྱོགས་གྱུར་བའི་རྐྱེན་པས། ཁུལ་དེའི་ས་ཁྱོན་ཧེག་ཊར་ ༦ རྒྱ་ནག་གིས་བཟུང་ཡོད་འདུག གཞན་ཡང་སིན་དྷུ་པཱལ་ཆོག་ (Sindhupalchawk) རྫོང་ཁོངས་ཀྱི་ས་ཁྱོན་ཧེག་ཊར་ ༡༡ དང་། སན་ཁུ་ཝ་ས་བྷ་རྫོང་ (Sankhuwasabha) གི་ས་ཁྱོན་ཧེག་ཊར་ ༩ ལྷག་བཙན་བཟུང་བྱས་ཡོད་སྐོར་བཀོད་འདུགའདས་ལོའི་ཕྱི་ཟླ་ ༡༡ ནང་བལ་ཡུལ་གྱི་གཞུང་འབྲེལ་སྙན་ཐོའི་ནང་རྒྱ་ནག་གིས་བལ་ཡུལ་གྱི་བྱང་བརྒྱུད་རྫོང་ཁག་བཞིའི་ས་ཆར་སིམ་འཛུལ་བྱེད་བཞིན་པའི་གནད་དོན་བརྒྱུད་བསྒྲགས་བྱས་པ་དང་བསྟུན། བལ་ཡུལ་གྱི་རྒྱལ་ས་ཀ་ཋི་མན་ཌུའི་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། སྐབས་དེར་ལས་འགུལ་བས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འདྲ་པར་མེར་སྲེག་བཏང་བ་དང་། བལ་ཡུལ་མངའ་ཁོངས་ནས་རྒྱ་ནག་གིས་ཕྱིར་འཐེན་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད། ཡིན་ན་ཡང་བལ་ཡུལ་གཞུང་གིས་བསྟུན་མཁས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་བརྡ་ལན་དམིགས་བསལ་གང་ཡང་སྤྲད་མེད་པ་རེད།

འདས་ལོར་རྒྱ་གར་གྱིས་ས་ཁྲ་གསར་པ་ཞིག་བཏོན་ཏེ། དེའི་ནང་བོད་ཧིན་བལ་གསུམ་གྱི་ས་མཚམས་སུ་ཁེལ་བའི་ཀཱ་ལ་པ་ནི་ཁུལ་ (Kalapani ) གྱི་ས་ཆ་རྩོད་གཞི་ཅན་དེ་རང་ཁོངས་བཅུག་རྗེས། བལ་ཡུལ་གྱི་གཞུང་མང་གཉིས་ཀས་ངོ་རྒོལ་དྲག་པོ་བྱས་ཡོད་པ་མ་ཟད། འདི་ལོར་ཡང་རྒྱ་གར་གྱི་ཁུལ་དེར་རྒྱ་ལམ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་གྱུར་ཏེ། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བལ་ཡུལ་གྱི་སྲིད་འཛིན་བྷི་དྷ་ཡ་ཌེ་ཝི་བྷན་དྷ་རི་ (Bidya Devi Bhandari) ཡིས། བལ་ཡུལ་གྱི་གྲོས་ཚོགས་གོང་འོག་གཉིས་ཀས། ད་ཡོད་བལ་ཡུལ་གྱི་ས་ཁྲའི་ནང་ཀཱ་ལ་པ་ནི་ཁུལ་གྱི་རྩོད་གཞི་ཅན་གྱི་ས་ཁུལ་རྣམས་བལ་ཡུལ་གྱི་ཆ་ཤས་སུ་འཇུག་རྒྱུའི་ཁྲིམས་འཆར་དེར་མཚན་རྟགས་བཀོད་དེ་གཏན་འབེབ་བྱས་ཡོད་པ་རེད། དེར་བརྟེན། དབྱེ་ཞིབ་པ་མང་པོས་ད་ལྟའི་དུས་སྐབས་འདིར། བལ་ཡུལ་གྱི་གཞུང་མང་གཉིས་ཀའི་ཁྲོད་དུ། རྒྱ་ནག་ལས་རྒྱ་གར་ཕྱོགས་ལ་སྡང་ཟུག་དང་མི་འདོད་པའི་རྣམ་པ་སྟོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༢༤

Leave a Reply