སྐུའི་འཁྲུངས་སྐར་ཉིན་ཚན་རིག་པ་གྲཊ་ཅན་ཞིག་གི་ལོ་རྒྱུས་གློག་བརྙན་སྟོན་འཆར་འདུག

འདི་ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཚན་རིག་པ་གྲགས་ཅན་ཏ་ཝེ་ཌི་བྷོམ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་གློག་བརྙན་སྟོན་རྒྱུ་དང་བགྲོ་གླེང་གནང་རྒྱུ་ཡིན་འདུགམཐའ་མེད་པའི་ནུས་པ་ཞེས་པའི་དྲ་ཚིགས་སུ་གནས་ཚུལ་བཀོད་པ་ལྟར་ན། འདི་ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཚན་རིག འཁྲུངས་སྐར་སྲུང་གཙི་ཞེས་པའི་བརྗོད་གཞིའི་འོག དུས་རབས་ཉི་ཤུ་པའི་ཚན་རིག་པ་གྲགས་ཅན་་ཏ་ཝེ་ཌི་བྷོམ་ (David Bohm) གྱི་སྐུ་ཚེའི་སྐོར་ལ་གསར་དུ་བཟོས་པའི་དངོས་བྱུང་གློག་བརྙན་ཞིག་སྟོན་འཆར་ཡོད་འདུག

ཏ་ཝེ་ཌི་བྷོམ་ (David Bohm) གྱི་སྐུ་ཚེ་དང་ཁོང་གི་བསམ་བློ་ཞེས་པའི་གློག་བརྙན་དེ་ནི་པོལ་ཧ་ཝར་ཌི་ (Paul Howard) ཡིས་འཁྲབ་ཁྲིད་བྱས་ཤིང་། དེའི་རིང་ཚད་ལ་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཙམ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཟུང་གློག་བརྙན་དེ་ཡུ་ཊོབ་ཐོག་རིན་མེད་ངང་ལྟ་ཐུབ་ཀྱི་ཡོད་ནའང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཚན་རིག་པ་གྲགས་ཅན་ཏ་ཝེ་ཌི་བྷོམ་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་དང་། རྩོམ་པ་པོ་རོ་བྷིར་ཊི་ཊོར་མན་ (Robert Thurman) སོགས་ཚུད་པའི་ཤར་ནུབ་མཁས་པ་ཁག་ཅིག་གིས་དྲ་ལམ་བརྒྱུད་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཏ་ཝེ་ཌི་བྷོམ་(David Bohm) ནི་ཕྱི་ལོ་ ༡༩༡༧ ལོར་ཨ་རིར་སྐྱེས་ཤིང་། ཁོང་ནི་ཆོས་ལུགས་ཀྱི་ལམ་སྲོལ་ཤུགས་ཆེར་ལྡན་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་ནའང་། ལོ་ན་བཅུ་ཙམ་ནས་ལྷ་མེད་སྨྲ་བ་ཞིག་ཏུ་གྱུར་ཏེ། འཇིག་རྟེག་སྟེང་གི་བྱ་དངོས་ཁག་ཅིག་ནི་མིའི་རྣམ་དཔྱོད་ཀྱིས་ཀྱང་གཏན་ནས་དཔག་མི་ཐུབ་པར་འདོད་ཀྱི་ཡོད་འདུག ཁོང་ནི་དུས་རབས་ཉི་ཤུ་པའི་ནང་གི་ཆེས་ཤུགས་རྐྱེན་ཆེ་བའི་གཞུང་ལུགས་དངོས་ཁམས་སྨྲ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཚན་རིག་པ་གྲགས་ཅན་ཨན་སི་ཐན་གྱིས་རང་ཉིད་ཀྱི་ཚན་རིག་གི་བྱ་བཞག་དང་འབྲེལ་ནས་རྒྱུད་འཛིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚན་རིག་པ་ཁོང་སྐུའི་ཚན་རིག་དགེ་རྒན་དུ་ངོས་འཛིན་མཛད་ཀྱི་ཡོད་འདུག་ལ། ཚན་རིག་པ་གྲགས་ཅན་ཁོང་ཕྱི་ལོ་ ༡༩༩༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག

གློག་བརྙན་དེ་ནི་ཚན་རིག་པ་ཁོང་གི་མཛད་རྗེས་ངོས་འཛིན་དང་རྗེས་དྲན་ཆེད་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག་པ་དང་། གློག་བརྙན་དེའི་ནང་ཚན་རིག་ལས་བརྒལ་ཏེ་དངོས་ཡོད་ཀྱི་གནས་ལུགས་འཚོལ་བའི་བརྒྱུད་རིམ་སྐོར་ལ་ཁོང་གིས། ང་རང་གཞོན་པའི་དུས་སུ་ཚན་རིག་ནི་འགྲོ་བ་མིའི་རིགས་ཀྱི་བདེ་རྩ་ཡོངས་ཀྱི་འབྱུང་ཁུངས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་པ་དང་། ཕྱིས་སུ་ཚན་རིག་གཅིག་པུས་འགྲོ་བ་མིའི་རིགས་ལ་བདེ་བ་སྟེར་མི་ཐུབ་པའི་ཚོར་སྣང་ཞིག་བསླེབས་པས། འཛམ་གླིང་ཤར་ནུབ་ཀྱི་ལྟ་གྲུབ་རིག་པ་དང་ཆོས་ལུགས་ཀྱི་བསམ་བློ་ཡོད་པའི་མི་ཚོར་དོ་སྣང་བྱེད་མགོ་བརྩམས་པ་ཡིན། ཅེས་བརྗོད་པ་ལྟར། ཕྱིས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་ (Krishnamurti) སོགས་ལ་མཇལ་བཅར་ཞུས་ཏེ། ཚན་རིག་དང་ནང་སེམས་ཀྱི་གནས་ལུགས་ཐད་བགྲོ་གླེང་མང་པོ་གནང་ཡོད་འདུག༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚན་རིག་པ་ཏ་ཝེ་ཌི་བྷོམ་ལགས་ཀྱི་རྗེས་དྲན་གློག་བརྙན་དེའི་ནང་། གནའ་བོའི་རྒྱ་གར་བར་དེང་རབས་ཀྱི་ཚན་རིག་གི་འཕྲུལ་ཆས་མེད་པར་རིག་པའམ་རྣམ་དཔྱོད་སྤྱོད་ཀྱི་ཡོད་པ་དང་། མཚམས་རེར་སྒོམ་སྒྲུབ་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ད་སྔ་བར་དུ་ང་ཚོས་ཤེས་ཀྱི་ཡོད་པ་ནི་དངོས་ཡོད་ཀྱི་ཆ་ཤས་ཙམ་ཡིན་པ་དང་། ད་དུང་ང་ཚོས་མཐའ་མེད་པ་ཞིག་ལ་ཞིབ་འཇུག་བྱ་དགོས་ཀྱི་ཡོད་པ་རེད། ངོས་ཀྱི་སེམས་སུ་ཏ་ཝེ་ཊེ་བྷོམ་ (David Bohm) ནི་ང་ཚོའི་བསམ་བློའི་སྒོ་འབྱེད་མཁན་ལྟ་བུ་ཞིག་ཡིན་པས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་རེད། ཅེས་གསུངས་འདུག

དེ་བཞིན་བརྙན་དེའི་ནང་འཇིག་རྟེན་གྱི་ཆོས་ཐམས་ཅད་གཅིག་ལ་གཅིག་བརྟེན་ཡིན་སྐོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཕྱི་དངོས་པོའི་ཐོག་ནས་རྒྱལ་ཁབ་མ་འདྲ་བ་དང་ཁོར་ཡུག་མ་འདྲ་བ། དེ་བཞིན་མི་མ་འདྲ་བ་དང་སྲོག་ཆགས་གཞན་བཅས་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པ་རེད། དེ་ལ་གཞིར་བཞག་ནས་ང་ཚོས་འཛམ་གླིང་ཧྲིལ་བོ་དང་ཁོར་ཡུག་ལ་བདག་གཅེས་བྱ་དགོས་པ་དང་། ང་ཚོ་ནགས་ཚལ་དུ་འགྲོ་སྐབས་བྱེའུ་མཐོང་རྒྱུ་མེད་པ་དང་བྱེའུ་སྐད་གོ་རྒྱུ་མེད་ཚེ། ང་ཚོར་ཅི་ཞིག་ཚང་མེད་པའི་ཚོར་སྣང་ཡོང་གི་རེད། དེ་ལས་ལྡོག་སྟེ་བྱེའུ་འཕུར་བ་དང་བྱེའུ་སྐད་གོ་ཚེ་སེམས་སུ་ཅི་ཞིག་ཚང་མེད་པའི་ཚོར་སྣང་དེ་མེད་པ་རེད། དེ་ནི་དངོས་ཡོད་གནས་སྟངས་ཡིན་པས་གནས་བབས་དེའི་ཐོག་ནས་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པ་རེད། ཅེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༢༤

Leave a Reply