རྣམ་དཔྱོད་ལྡན་པའི་བོད་པའི་འོས།

ཕྱི་ལོ་ ༢༠༢༠ དང་༢༠༢༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུར་ཆེད་དམིགས་དྲ་ལམ་འོས་འཕེན་དང་འོས་མི་ངོ་སྤྲོད་སོགས་བྱེད་སའི་དྲ་ལམ་མ་ལག་ཅིག་གསར་བཟོ་བྱས་ཡོད་འདུག 

བཙན་བྱོལ་བོད་མིའི་ཤེས་ཡོན་པ་ཁག་ཅིག་གི་སྣེ་ཁྲིད་འོག་མང་གཙོའི་ལས་འཆར་(Project Democracy)ཞེས་པའི་ཚོགས་པ་ཞིག་ཆེད་འཛུགས་ཀྱིས། བཙན་བྱོལ་བོད་མིའི་ཕྱི་ལོ་ ༢༠༢༠། ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུར་ཆེད་དམིགས་ཀྱིས།  རྣམ་སྤྱོད་ལྡན་པའི་བོད་མིའི་འོས་ཞེས་རྒྱལ་ཁབ་གཞན་གྱི་དྲ་ལམ་འོས་བསྡུའི་ཐབས་ལམ་ལ་དཔེར་བླངས་ནས། བོད་མི་ཚོར་འོས་བསྡུ་དང་འབྲེལ་བའི་གནད་དོན་ཐད་གོ་རྟོགས་སྤེལ་བ་དང་། འཁྱོག་བཤད་མེད་པར་འོས་མི་ཚོ་ངོ་སྤྲོད་དང་འོས་འཕེན་སའི་དྲ་ལམ་མ་ལག་ཅིག་གསར་བཟོ་བྱས་ཡོད་འདུག

ལས་འཆར་དེའི་སྐོར་ལ་ཚོགས་མི་བདེ་ཆེན་སྤེན་པ་ལགས་ཀྱིས། ང་ཚོས་སྣེ་ཁྲིད་པའི་ལས་འཆར་དེ་ནི་ཛ་དྲག་དང་དུས་དང་མཐུན་པ་ཞིག་དང་། ལྷག་པར་དུ་བཙན་བྱོལ་གྱི་དམངས་གཙོའི་ལམ་ལུགས་དེ་མུ་མཐུད་དེ་ཡར་རྒྱས་དང་སྦྱོང་བརྡར་གྱི་གནས་སྐབས་དང་། དམངས་གཙོའི་ནུས་སྟོབས་སྐྱེ་སྲིང་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པ་ཞིག་ཡིན་པས་ང་ཚོའི་ངོས་ནས་ཐབས་ལམ་དེ་བརྒྱུད་འོས་བསྡུའི་ཉིན་མོར་མང་ཚོགས་ནས་ཐག་གཅོད་མ་ནོར་བར་བྱེད་རྒྱུར་རོགས་ཕན་ཐུབ་རྒྱུར་ཡིད་ཆེས་དང་། ཁྱད་དུ་འཕགས་པའི་ཐབས་ལམ་ཞིག་ཡིན་པས་བོད་མི་ཚོས་མ་ལག་འདི་བེད་སྤྱོད་གཏོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཡང་ཚོགས་པ་དེའི་ཚོགས་མི་དོན་གྲུབ་ཤེལ་དཀར་ལགས་ཀྱིས། ད་ལྟའི་གནས་སྟངས་ཀྱི་རྐྱེན་པས་བོད་མི་ཚོས་སྔོན་འགྲོའི་འོས་བསྡུའི་ནང་མཉམ་ཞུགས་དང་གསལ་བསྒྲགས་བྱེད་ཕྱོགས་སོགས་ཚོད་དཔག་བྱེད་དཀའ་བ་དང་། གཅིག་བྱས་ན་ཏོག་དབྱིབས་གཉན་རིིམས་ཀྱི་རྐྱེན་པས་འོས་བསྡུ་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ་དང་། དངོས་སུ་བགྲོ་གླེང་བྱེད་རྒྱུ་སོགས་ལ་འགོག་རྐྱེན་གྱིས་དྲྭ་ཐོག་ནས་མ་གཏོགས་འབྲེལ་བ་བྱ་ཐབས་མེད་པའང་ཆགས་སྲིད་པས། མདོར་ན་ང་ཚོའི་ངོས་ནས་ནུས་པ་ཇི་ཡོད་ཀྱིས་ཡིག་རྨོངས་པ་ཚོའང་རྣམ་དཔྱོད་ལྡན་པའི་འོས་ཀྱི་ལས་འཆར་ནང་མཉམ་ཞུགས་ཐུབ་ཐབས་དང་། ལྷག་པར་དུ་སྤྱི་ཚོགས་ཀྱི་དྲྭ་རྒྱའི་ནང་ཁྱབ་པའི་ཕྱོགས་ལྷུང་དང་འཁྱོག་བཤད་ཅན་གྱི་གནས་ཚུལ་ཙམ་ལ་ཆ་འཇོག་མི་ཡོང་བ་ཞིག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁོ་ཚོའི་དྲ་རྒྱའི་སྟེང་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། རྣམ་སྤྱོད་ལྡན་པའི་བོད་མིའི་འོས་ཞེས་པའི་དྲ་ལམ་འོས་འཕེན་གྱི་ཐབས་ལམ་དེ་ནི། ཐོག་མར་སུད་སི་པོ་ལི་ཀྲུ་བཟོ་ལས་ཁང་གིས་གསར་སྐྲུན་གནང་ཞིང་། ཁོ་ཚོས་སྤྱོད་བཞིན་པའི་མིང་ཡང་དེར་དཔེར་བླངས་པ་ཞིག་ཡིན་པ་དང་། འོས་བསྡུའི་ཐབས་ལམ་མ་ལག་དེ་བཞིན་སུད་སི་དང་། ཨོ་གླིང་། ལུག་སྲམ་བྷེག ཨོས་ཀྲི་ཡ། སི་ཀོཌ་ལེཌ། དེ་བཞིན་ཡུ་རོབ་མཉམ་འབྲེལ་ལ་སོགས་ནས་ས་གནས་དང་རྒྱལ་ཁབ་ཀྱི་འོས་བསྡུའི་སྐབས་སུ་བེད་སྤྱོད་དང་གྲུབ་འབྲས་ཆེན་པོ་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་། ཚོགས་མི་དབང་པོ་བཀྲས་མཐོང་ལགས་ཀྱིས་བོད་ཀྱི་འགྲོ་བ་མིི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། ང་ཚོའི་ལས་འཆར་དེར་གང་ཅིའི་ཐད་ནས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

མཇུག་ཏུ་ཁོ་ཚོས་དྲ་ཐོག་གི་སྡིངས་ཆ་འདིའི་ཐོག་བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་ཚང་མས་མཉམ་ཞུགས་དང་། རང་གི་འདོད་མོས་ཡོད་པའི་བརྗོད་གཞི་དང་དྲི་བ་ཁག་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་དང་། མཐའ་མའི་དྲི་བ་མཐའ་དག་དང་དྲྭ་ཐོག་གི་སྡིངས་ཆ་བརྒྱུད། དབུས་འོས་བསྡུ་ལྷན་ཁང་ནས་ ༢༠༢༠/༢༡ འོས་བསྡུའི་གཞུང་འབྲེལ་གསལ་བསྒྲགས་གནང་བའི་རྗེས་སུ་དྲྭ་ཐོག་ནས་གཟིགས་ཐུབ་པའི་གྲ་སྒྲིག་ཞུ་རྒྱུ་དང་། དེའི་སྐབས་བོད་དོན་དང་འབྲེལ་བའི་གནས་ཚུལ་དང་། མ་འོངས་པར་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་དྲི་བ་ཁག་སུམ་བཅུ་ལས་མང་བ་མཁོ་སྤྲོད་དང་། སྲིད་སྐྱོང་གི་འོས་མི་ཚོ་ལའང་དྲི་བ་འདྲ་མཚུངས་སྐུལ་རྒྱུ་ཡིན་སྐོར་བརྗོད་འདུག

དྲ་ལམ་འོས་འཕེན་གྱི་རྣམ་དཔྱོད་ལྡན་པའི་བོད་པའི་འོས་མི་ཞེས་པའི་ལས་འཆར་ཚོགས་པ་དེ་ནི། ཆབ་སྲིད་ཚན་རིག་དང་། ལོ་རྒྱུས། སེམས་ཁམས་རིག་པ། གློག་ཀླད་འཕྲུལ་ཆས། འགྲོ་བ་མིའི་ཐོབ་ཐང་སོགས་ཤེས་ཡོན་གྱི་རྒྱབ་ལྗོངས་ཕུན་སུམ་ཚོགས་པའི་བོད་མི་ཤེས་ལྡན་པ་ཁག་ཅིག་གིས་སྣེ་ཁྲིད་པའི་ལས་གཞི་ཞིག་ཡིན་པ་དང་། ཁོ་ཚོས་དམིགས་ཡུལ་ནི་འོས་འཕེན་པ་མི་མང་ནས་རང་གི་བསམ་ཚུལ་དང་མཐུན་པའི་འོས་མི་ཞིག་འདེམས་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་མ་ཟད། ཚོགས་མི་བསྟན་འཛིན་ཡེ་ཤེས་ནས་ང་ཚོས་ངོས་ནས་མི་མང་གིས་སྐུར་བའི་དྲི་བ་དག་ལ་གོ་རིམ་ལྡན་པའི་ངང་བརྟག་ཞིབ་ནན་ཏན་བྱ་རྒྱུའི་འགན་ལེན་གཙང་མ་ཞུ་ཡི་ཡིན་ཞེས་བརྗོད་འདུག

དྲ་ཚིགས་ཁ་བྱང། www.smartvote-tibet.org

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༤

Leave a Reply

One thought on “རྣམ་དཔྱོད་ལྡན་པའི་བོད་པའི་འོས།

  1. ཨོ་ད་ཡིན་ན། ཡང་མི་འཇོན་རྒན་མོས་སྟི་བཙུམ། མང་ཚོགས་བརྒྱ་ཆའི་བདུན་ཅུ་རི་བོང་ཅལ་འགྲོག་གི་རྣམ་ཐར་སྐྱོང་བཞིན་པ་རྣམས་མགོ་འཐོམ་འཇུག་ཐག་ཆོད་རེད། མང་ཚོགས་ཀྱིས་ཧ་གོ་དུས་ཆབ་སྲིད་ཁྲབ་སྟོན་པས་དབུས་སྒྲིག་འཛུགས་ཀྱི་མིང་ཐོག་ནས་རྩེད་མོ་བརྩེས། སྐབས་དེར་མུག་ཤི་གནམ་ས་གང་བ་ཞིག་བགྲང་ནས་འདུག་གི་རེད།