རྒྱ་གཞུང་གི་གོ་སྒྲིག་འོག་རྒྱལ་ཕྱིའི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་དུ་ཕེབས།

སི་ཁྲོན་ཞིང་ཆེན་ཕྱི་འབྲེལ་ལས་དོན་དང་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱིས་གོ་སྒྲིག་བྱས་ཏེ་ཡུ་རོབ་དང་འཛམ་གླིང་རྒྱལ་ཁབ་གཞན་ ༡༠ ཡི་གཞུང་འབྲེལ་སྐུ་ཚབ་ ༢༡ གིས་བོད་རྔ་བ་ཁུལ་གྱི་ས་གནས་ཁག་གཉིས་ཙམ་ནང་གཟིགས་སྐོར་གནང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྔ་བ་ཁུལ་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སི་ཁྲོན་ཞིང་ཆེན་ཕྱི་འབྲེལ་ལས་དོན་དང་རིག་གནས་ཡུལ་སྐོར་ལས་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༧ དང་ ༡༨ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཡོད་པའི་ཡུ་རོབ་ཀྱི་གཞུང་འབྲེལ་མི་སྣ་ ༡༠ དང་། དེ་བཞིན་ཨ་རི་དང་འཇར་མན། ཨོ་སི་ཊི་རི་ཡ། པོ་ལན་ཌི། སུད་སི། སེངྒ་པུར། ཧྥ་རན་སི། ཨོ་སི་ཊི་ལི་ཡ། ཨི་ཛི་རལ། པཱ་ཀི་སི་ཐན་བཅས་རྒྱལ་ཁབ་ ༡༠ ཡི་གཞུང་འབྲེལ་མི་སྣ་བཅས་ཁྱོན་སྐུ་ཚབ་ ༢༡ གིས། བོད་རྔ་བ་ཁུལ་གྱི་གཟི་ཚ་སྡེ་དགུ་དང་ཟུང་ཆུ་རྫོང་ཁོངས་སུ་གཟིགས་སྐོར་གནང་ཡོད་འདུག་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མ་འོངས་པར་རྒྱལ་ཁབ་གཞན་གྱི་སྐུ་ཚབ་མི་སྣརྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁོ་ནར་འགྱུར་བཞིན་པའི་བོད་ནང་གཟིགས་སྐོར་རིགས་ཀྱི་ནང་མི་ཞུགས་པའི་འབོད་སྐུལ་ཡང་གནང་འདུག

ད་ལྟའི་ཆར་གཟིགས་སྐོར་དུ་ཕེབས་མཁན་སྐུ་ཚབ་ཚོའི་ངོས་ནས་བོད་ནང་གི་གནས་སྟངས་ག་འདྲ་བྱུང་ཡོད་མེད་ཀྱི་གནས་ཚུལ་ཕྱིར་བསྒྲགས་གནང་མེད་ཀྱང་། རྔ་བ་ཉིན་རེའི་གསར་ཁང་གི་གནས་ཚུལ་ནང་། ཐེངས་འདིའི་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣའི་གཟིགས་སྐོར་དེ་ནི། སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་གྱི་མཛེས་སྡུག་ཕྱིར་སྟོན་རྒྱུ་དང་ཕྱི་ལོ་ ༢༠༡༧ ལོར་སི་ཁྲོན་དུ་ས་ཡོམ་བྱུང་བའི་ཡུལ་དངོས་སླར་གསོ་བྱུང་བའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་ཆེད་ཡིན་པ་དང་། གཟིགས་སྐོར་དེ་བརྒྱུད་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་རྗེས་ས་གནས་མི་མང་གི་ཡུལ་སྐོར་སྤྲོ་འཆམ་སླར་གསོ་དང་མི་མང་དབུལ་ཕུངས་ལས་གྲོལ་ཐབས་སོགས་སུ་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གནས་ཚུལ་འདིའི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཐེངས་འདིའི་གཟིགས་སྐོར་དེ་ནི་རྒྱ་ནག་གཞུང་གིས་ཆེད་མངག་རྒྱལ་སྤྱིའི་སྐུ་ཚབ་མི་སྣ་འདེམས་སྒྲིག་བྱས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་སྦས་སྐོང་གིས་བོད་དོན་གླེང་སློང་མཚམས་འཇོག་དང་རྒྱ་ནག་གི་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་གཏོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་རང་དབང་ལྡན་པའི་གཞུང་དང་གསར་འགོད་པ་རྣམས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུར་དམ་དྲགས་བྱེད་བཞིན་ཡོད་པར་བརྟེན། ཐེངས་འདིའི་གཟིགས་སྐོར་ཁྲོད་ཞུགས་པའི་རྒྱལ་སྤྱིའི་གཞུང་ཚབ་མི་སྣས་ཨ་མདོ་རྔ་བའི་ཕྱོགས་ཀྱི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་སློང་དགོས་པའི་རེ་སྐུལ་དང་སྦྲགས། མ་འོངས་པར་རྒྱལ་ཁབ་གཞན་གྱི་སྐུ་ཚབ་མི་སྣ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁོ་ནར་འགྱུར་བཞིན་པའི་བོད་ནང་གཟིགས་སྐོར་རིགས་ཀྱི་ནང་མི་ཞུགས་པའི་འབོད་སྐུལ་ཡང་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༢༤

Leave a Reply