ཡུ་རོབ་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ་བོད་དོན་འབོད་སྐུལ་ཞུས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ་ཞུ་སྐུལ་དོན་ཚན་ལྔ་ཅན་ཞིག་ཕུལ་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུགཁ་སང་ཕྱི་ཚེས་ ༢༤ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ་ཞུ་སྐུལ་དོན་ཚན་ལྔ་ཅན་ཞིག་ཕུལ་ཏེ།  རྒྱ་ནག་ལ་ཕྱི་འབྲེལ་འཛིན་སྐབས་བོད་ནང་གི་གནས་སྟངས་གསལ་འདོན་བྱེད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་གླེང་སློང་དགོས་སྐོར་འབོད་སྐུལ་ཞུས་འདུག་ལ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འཇར་མན་གྱིས་ཡུ་རོབ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ལས་འཁུར་ཞུ་རྒྱུ་ཡིན་པས་འཇར་མན་གཞུང་ལ་དམིགས་བསལ་ནན་བརྗོད་ཞུས་འདུག

ཞུ་སྐུལ་དོན་ཚན་ལྔའི་ནང་ཡུ་རོབ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས། བོད་མིའི་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང་། སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་སོགས་ཀྱི་རང་དབང་བཀག་སྡོམ་བྱེད་བཞིན་པའི་སྐོར་ལ་གླེང་སློང་། དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་དད་རང་དབང་དང་། སྐུའི་ཡང་སྲིད་ཐག་གཅོད་ཐད་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོར་ཐོབ་ཐང་ཡོད་པ་ལས་རྒྱ་ནག་གཞུང་ལ་མེད་པ། དེ་བཞིན་ཡུ་རོབ་ཁུལ་གྱི་ཆེད་མཁས་པ་དང་། རང་དབང་ལྡན་པའི་གསར་འགོད་པ། གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པ། བོད་ནང་ཡུན་གནས་ཀྱི་ཡར་རྒྱས་དང་ཁོར་ཡུ་རོབ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཞུ་སྐུལ་གནང་དགོས་སྐོར་བཅས་བཀོད་འདུག

དེའི་ཐད་འཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་ཀེ་མུ་ལིར་ (Kai Mueller) ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ད་ལྟའང་ཧ་ཅང་བློ་འཚབ་ཅན་ཞིག་ཡིན་པ་དང་། ཞི་ཅིན་ཕིན་གྱི་སྣེ་ཁྲིད་འོག རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། དེང་སྐབས་བོད་ནི་ཉེན་རྟོག་དང་གསང་བའི་ཉུལ་ཞིབ། དམ་དྲག་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། པེ་ཅིན་གཞུང་གིས་བོད་ཀྱི་གནས་ཚུལ་དངོས་གསང་རྒྱ་བྱེད་ཀྱི་ཡོད་སྟབས། བོད་ནང་གི་ཛ་དྲག་ཅན་གྱི་གནས་སྟངས་དེ་ཡུ་རོབ་མཐུན་ཚོགས་ཀྱིས་ཕྱི་གསལ་བཟོ་དགོས་སྐོར་བརྗོད་འདུག

དེ་བཞིན་ཡུ་རོབ་མཐུན་ཚོགས་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་བྱུས་འགན་འཛིན་ཝིན་སེན་ཏི་མེ་ཊེན་ (Vincent Metten) ལགས་ཀྱིས། ཡུ་རོབ་མཐུན་ཚོགས་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་གཞིར་བཞག་པའི་སྒྲིག་འཛུགས་ཤིག་ཡིན་ལ། རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་ཡོངས་ཁྱབ་གྱི་རིན་ཐང་ལ་སྐྱོན་བརྗོད་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞིར་སྣང་ཆུང་བྱེད་ཀྱི་ཡོད་པ་རེད། ཡུ་རོབ་མཐུན་ཚོགས་ཀྱིས་བོད་དོན་ཐད་ནུས་ཤུགས་ཆེན་པོས་ཆ་ཤས་མ་བླངས་པ་དེ་ཡིས། རྒྱ་ནག་གཞུང་ལ་ཡུ་གུར་དང་ཧོང་ཀོང་སོགས་ནང་སྔར་ལྷག་དམ་དྲག་ཆེ་རུ་གཏོང་བར་བློ་སྤོབས་སྤྲད་པ་རེད། ཡུ་རོབ་ངོས་ནས་རྒྱ་ནག་དང་བོད་ཀྱི་ཐོག་ཁ་ཞེ་གཉིས་མེད་དང་འོས་འཚམ། ཕུགས་རྒྱང་རིང་བའི་སྲིད་བྱུས་ཤིག་ལག་བསྟར་བྱ་དགོས་པ་དང་། འཇར་མན་གཞུང་བོད་མི་ས་ཡ་དྲུག་གི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་སུ་ལངས་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད།  ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་ལྟར་ན། དོན་ཚན་ལྔ་ཅན་གྱི་ཞུ་ཡིག་དེ་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཧི་ཁའོ་མཱ་སི་ (Heiko Maas) ལགས་ལའང་བཏང་ཡོད་འདུག་པ་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན། འཇར་མན་གཞུང་གིས་ཡུ་རོབ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ལས་འཁུར་ཞུ་རྒྱུ་ཡིན་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་ (Gyde Jensen) དང་། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རཱ་ཕིལ་ (Raphael Glucksmann) གཉིས་དང་ལྷན་ཞུ་ཡིག་དེའི་སྐོར་ལ་ངོ་དེབ་བརྒྱུད་བགྲོ་གླེང་གནང་འཆར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༢༥

Leave a Reply