འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ཤོར་ཉེན་འདུག

རྒྱ་ནག་གནམ་གཤིས་སྔོན་བརྡ་ཁང་གིས་རྒྱ་ནག་ལྷོ་རྒྱུད་ཀྱི་ས་ཁུལ་དུ་དྲག་ཆར་མུ་མཐུད་དུ་འབབ་རྒྱུའི་ཉེན་བརྡ་རིམ་པ་གསུམ་པ་དེ་བཏང་ཡོད་པ་དང་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་འཐོར་ཉེན་ཡོད་པའི་འཇིགས་སྣང་བསླེབས།ཁ་སང་ཨི་པོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ནས་རྒྱ་ནག་གི་ལྷོ་བརྒྱུད་ཁུལ་དུ་དྲག་ཆར་གྱི་རྐྱེན་པས་ས་ཁུལ་མང་པོའི་ནང་ཆུ་ལོག་རྒྱུག་བཞིན་ཡོད་སྟབས། ཆེད་མཁས་པ་མང་པོས་རྒྱ་ནག་ཧུའུ་པའེ་ཞིང་ཆེན་དུ་ཡོད་པའི་འཛམ་གླིང་གི་གློག་འདོན་ཆུ་མཛོད་ཆེ་ཤོས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ (The Three Gorges Dam)འཐོར་ཉེན་གྱི་མཚམས་སུ་བསླེབས་ཡོད་པའི་བརྙན་རས་སྤེལ་ཡོད་པ་དང་།  ཉེ་འཁོར་དང་ཆུ་རྒྱུད་ཀྱི་མི་མང་ས་ཡ་མང་པོར་ཉེན་ཁ་ཡོད་འདུག

ད་ལྟ་འཇར་མན་དུ་གནས་སྡོད་རྒྱ་རིགས་ཆུ་དཔྱད་རིག་པ་བ་ཝང་ཝེ་ལུའོ་ (Wang Weiluo) ཞེས་པ་ཞིག་གིས། ད་ལྟའི་གནས་སྟངས་ལ་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དེས་ཆུ་ལོག་འགོག་ཐུབ་མིན་དང་། ཡང་ན་རྒྱ་གཞུང་གིས་ཐོག་མ་ནས་རྒྱ་ནག་མི་མང་རྣམས་མགོ་སྐོར་བཏང་ཡོད་མེད་ཀྱི་གནད་དོན་དེ་འདས་པའི་ལོ་ཤས་རིང་ནས་གསལ་པོ་ཆགས་ཡོད། ཅེས་དང་། དེའི་ཁུལ་གྱི་ས་ཁུལ་མང་པོའི་ས་བབ་དེ་གློག་འདོན་ཆུ་མཛོད་ཀྱི་ཆུའི་མཐོ་ཚད་ལས་དམའ་བ་ཡོད་སྟབས། ཆུ་ལོག་གི་འཇིགས་པའི་སྐབས་ས་ཁུལ་དེ་དག་ཆུས་བསྣུབ་ངེས་པ་ལྟ་བུ་ཡིན་སྐོར་དང་། རྒྱ་ནག་དམར་ཤོག་གཞུང་ལ་མཚོན་ན་ཆུ་ལོག་གིས་རྐྱེན་འདས་བཏང་བ་རྣམས་ནི་གྲངས་ཀ་ཙམ་ཞིག་ལས་མ་འདས་པས། ནམ་ཡང་མི་མང་གི་ཚེ་སྲོག་ལ་འགན་ལེན་བྱ་མི་སྲིད་སྐོར་བརྗོད་འདུག

ཡང་ཨི་པོག་དུས་བབ་ཀྱི་གནས་ཚུལ་ནང་། ཟླ་འདིའི་ཚེས་མགོ་ནས་རྒྱ་ནག་དཀྱིལ་དབུས་དང་ལྷོ་རྒྱུད་ཁུལ་དུ་ཆུ་ལོག་གི་རྐྱེན་པས་ད་བར་ཞིང་ཆེན་དང་རྫོང་ཁག་མི་འདྲ་བ་ ༢༦ ནང་གི་མི་གྲངས་ས་ཡ་ ༡༡།༢ ལ་གནོད་སྐྱོན་ཐེབས་ཡོད་པ་དང་། མི་གྲངས་ ༢༠ ལས་མང་བ་རྐྱེན་འདས་དང་། ཁང་ཁྱིམ་ ༩༣༠༠ ལས་མང་བ་རྩ་མེད་དང་འབུམ་ ༡།༧ ལྷག་ལ་གནོད་སྐྱོན་ཐེབས་ཏེ། ཁྱོན་ཨ་སྒོར་ཐེར་འབུམ་ ༣།༤ ལྷག་གི་དཔལ་འབྱོར་གྱོང་གུད་ཕོག་ཡོད་འདུག

དེ་བཞིན་རྒྱ་ནག་ཆུ་ལོག་དང་ཐན་པའི་ངལ་སེལ་ལས་ཁུངས་ཀྱི་འགྲེལ་བརྗོད་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ནས་བཟུང་རྒྱ་ནག་ཀང་ཏུང་ཞིང་ཆེན་ (Guangdong) དང་། ཀང་ཞི་(Guangxi)། ཧུའུ་ནན་ཞིང་ཆེན་ (Hunan)།  ཅང་ཞི་ཞིང་ཆེན་(Jiangxi)། ཀེ་ཀྲུའུ་ (Guizhou)། ཁྲུང་ཆིན་གྲོང་ཁྱེར་ (Chongqing) བཅས་ཀྱི་ས་ཁུལ་འདྲ་མིན་ ༨༥༢ ནང་ཆུ་ལོག་རྒྱུག་སྟེ་ཁང་ཁྱིམ་ ༧༣༠༠ ལྷག་རྩ་མེད་བཏང་ཡོད་སྐོར་དང་། ལྷོ་རྒྱུད་ཀྱི་ཆུ་མོ་ ༡༤༨ ཡི་མཐོ་ཚད་ཉེན་བརྡའི་ཚད་ཐིག་ལས་བརྒལ་ཡོད་སྐོར་བརྗོད་འདུག ཡང་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གནམ་གཤིས་སྔོན་བརྡ་ཁང་གིས་རྒྱ་ནག་ལྷོ་རྒྱུད་ཀྱི་ས་ཁུལ་དེ་དག་ནང་དྲག་ཆར་མུ་མཐུད་འབབ་རྒྱུའི་ཉེན་བརྡ་རིམ་པ་གསུམ་པ་དེ་བཏང་ཡོད་འདུགརྒྱ་ནག་གིས་འབྲི་ཆུའི་ཁུལ་དུ་ཆུ་ལོག་སྟངས་འཛིན་དང་གློག་འདོན་གྱི་ཆེད་དུ་འཛུགས་སྐྲུན་བྱས་པའི་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དེ་ཧུའུ་པའེ་ཞིང་ཆེན་གྱི་ཡི་ལིང་རྫོང་ཁོངས་སན་ཏོ་ཕིང་ (Sandouping, Yiling) གྲོང་སྡེར་ཡོད་པ་དང་། དེའི་གཤམ་འོག་ཏུ་ཧྲང་ཧེ་ (Shanghai) དང་ཝ་ཧན་ལྟ་བུའི་མི་འབོར་མང་བའི་གྲོར་ཁྱེར་ཆེ་ཁག་མི་ཉུང་བ་ཞིག་ཆགས་ཡོད་སྟབས། ཆུ་མཛོད་དེའི་ཆུ་རགས་ཤོར་བ་ཡིན་ན། གྲོང་ཁྱེར་དེ་དག་ཆུས་བསྣུབ་ཉེན་ཡོད་པའི་ཞེད་སྣང་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་འཁོར་སྐར་གྱིས་བླངས་པའི་ཆུ་མཛོད་ཀྱི་པར་རིས་ནང་ཆུ་མཛོད་ཀྱི་རྩིག་གྱང་རྣམས་འཁྱོག་དབྱིབས་སུ་ཐོན་པ་དེས། མི་མང་ཁྲོད་སྔར་བས་དངངས་འཚབ་ཆེ་བ་བྱུང་ཡོད་འདུག

ད་ཐེངས་དྲག་ཆར་གྱི་རྐྱེན་པས་འབྲི་ཆུའི་ཆུ་ལག་རྣམས་རྒྱས་པའི་རྐྱེན་གྱིས་ཆུ་མཛོད་དེར་གནོན་ཤུགས་ཧ་ཅང་ཆེན་པོ་ཡོང་བཞིན་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་འབྲི་ཆུའི་འགག་གསུམ་གྱི་ཆུའི་མཐོ་ཚད་དེ་ཆུ་ལོག་གི་ཉེན་བརྡའི་ཚད་ཐིག་ལས་སྨི་ ༢ གྱིས་ཡར་རྒྱས་ཏེ། ཁྱོན་མཐོ་ཚད་སྨི་ ༡༤༧ ལ་ཐོན་ཡོད་ཅིང་། ཆུའི་རྒྱུག་ཚད་དེ་ཡང་ཉིན་གཅིག་ནང་སྐར་ཆ་རེར་ཆུ་སྨི་གྲུ་བཞི་ལྷམ་པ་ (cubic meters per second) ༢༠༥༠༠ ནས་ ༢༦༥༠༠ ལ་འཕར་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཆུ་མཛོད་དེར་ཉུང་མཐར་ཆུའི་མཐོ་ཚད་ལ་སྨི་ ༡༧༧ དང་། རྒྱུག་ཚད་ལ་སྨི་གྲུ་བཞི་ལྷམ་པ་ཁྲི་ ༧ འགོག་ཐུབ་པའི་ནུས་པ་ཡོད་སྐོར་བསྒྲགས་ཡོད་འདུག

ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དང་འབྲེལ་བའི་གནས་ཚུལ་ནང་། ཆུ་མཛོད་དེས་ལོ་ཁྲི་ ༡ ནང་ཐེངས་གཅིག་རྒྱུག་སྲིད་པའི་ཆུ་ལོག་དེ་འགོག་ཐུབ་ཀྱི་ཡོད་སྐོར་དྲིལ་བསྒྲགས་བྱས་ཡོད་ཀྱང་། རིམ་པས་ཚིག་འགྲོས་ལ་འགྱུར་བ་བཏང་སྟེ། ཕྱི་ལོ་ ༢༠༠༧ ལོར་ཆུ་མཛོད་དེས་ལོ་ ༡༠༠༠ ནང་ཐེངས་རེར་འབྱུང་སྲིད་པའི་ཆུ་ལོག་འགོག་ཐུབ་ཀྱི་ཡོད་སྐོར་དང་། ཡང་ཕྱི་ལོ་ ༢༠༠༨ ལོར་ལོ་ ༡༠༠༠ དེ་ལོ་ ༡༠༠ ལ་མར་ཆག་སྟེ། མཐར་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་འབྲི་ཆུའི་ཐོན་ཁུངས་བཀོད་འདོམས་ཁང་(Changjiang Water Resources Commission) ཟེར་བ་དེས། མི་མང་ངོས་ནས་འབྲི་ཆུའི་དགག་གསུམ་གྱི་ཆུ་མཛོད་དེར་བརྒྱ་ཆ་བརྒྱ་བློ་འགེལ་བྱ་རྒྱུ་མེད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད།འཛམ་གླིང་གི་རྒྱུག་ཆུ་རིང་ཤོས་གསུམ་པ་དང་ཨེ་ཤ་ཡའི་རྒྱུག་ཆུ་རིང་ཤོས་དང་པོར་བརྗོད་བཞིན་པའི་འབྲི་ཆུ་དེ་བོད་མཚོ་སྔོན་ཞིང་ཆེན་སྐྱེས་དགུ་ནས་ཟི་ཁྲོན་དང་། རྒྱ་ནག་ཁྲུང་ཆིན་། ཧུའུ་པའེ། ཧྲང་ཧེ་གཙོས་པའི་རྒྱ་ནག་གི་ཞིང་ཆེན་དང་ཁུལ་ ༡༠ ནང་རྒྱུག་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་འབྲི་ཆུའི་འགག་གསུམ་གྱི་གློག་འདོན་ཆུ་མཛོད་དེ་ཉིད་ཕྱི་ལོ་ ༡༩༩༤ ནས་འཛུགས་སྐྲུན་མགོ་བརྩམས་ཏེ། ཕྱི་ལོ་ ༢༠༠༦ ལོར་གྲུབ་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ལོར་དངོས་སུ་བཀོལ་སྤྱོད་བྱས་ཡོད་འདུག ཆུ་མཛོད་ཀྱི་ཞེང་ལ་སྨི་ ༢༣༣༥ དང་མཐོ་ཚད་ལ་སྨི་ ༡༨༡ ཡོད་འདུག་ལ། ཆུ་མཛོད་དེ་འཛུགས་སྐྲུན་ཆེད་ཁྱོན་ཨ་སྒོར་ ༡༣།༥ བཏང་ཡོད་ལུགས་དང་། ཆུ་མཛོད་འཛུགས་སྐྲུན་གྱི་ཆེད་དུ་ཁུལ་དེར་གནས་སྡོད་མི་མང་ས་ཡ་གཅིག་ལྷག་ས་གནས་གཞན་དུ་གནས་སྤོ་རུ་བཅུག་ཡོད་པ་མ་ཟད། འཛུགས་སྐྲུན་ཁྲོད་ལྐོག་ཟ་རུལ་སུངས་དང་ཆུ་མཛོད་ཀྱི་བདེ་འཇགས་ཐད་ལའང་གནད་དོན་མི་ཉུང་བ་ལྷག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༢༥

Leave a Reply

One thought on “འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ཤོར་ཉེན་འདུག

  1. འདམ་སྐྱེས།

    ཆུ་མཛོད་དེ་འཛུགས་སྐྲུན་ཆེད་ཁྱོན་ཨ་སྒོར་ ༡༣།༥ གཏོང་ཡོད་ལུགས་དང་། ཨ་སྒོར་མཚམས་ནས་ཆད་པ་མིན་ནམ་དྲན།།