ཏོག་དབྱིབས་དང་འབྲེལ་བའི་དེ་རིང་གི་གསར་འགོད་གསལ་བསྒྲགས་གཉིས།

བོད་པའི་བརྒྱུད་ལམ་ཁག་གཙོས་མི་མང་ནས་ཏོག་དབྱིབས་ནད་པ་ཐོན་སྐབས་སྤྱི་ཚོགས་ནང་གང་བྱུང་བཤད་པ་དང་དཀྲོག་གཏམ་རིགས་སྤེལ་ན་སེམས་འཁྲལ་འཕར་མ་ཡོང་གི་ཡོད་པས་བརྒྱུད་བསྒྲགས་མི་བྱེད་པའི་འབོད་སྐུལ་གནང་སོང་།དེ་རིང་སྔ་དྲོར་གངས་སྐྱིད་བདེ་ལེགས་སྨན་ཁང་ཚོགས་ཁང་དུ། བདེ་ལེགས་སྨན་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཉེ་སྔོན་དྷ་རམ་ས་ལ་ནས་རང་ལོ་ ༡༩ ཅན་གྱི་བུད་མེད་ཅིག་ལ་ཏོག་དབྱིབས་ནད་རྟགས་ཐོན་པའི་གནས་ཚུལ་ཐོན་སྐབས། གཞུང་ཞབས་ཤིག་གིས་ཉེན་སྲུང་གྱོན་གོས་གང་ཡང་མེད་པར་བུད་མེད་དེ་ཤུགས་གསེབ་ཟུར་བཀག་ཁང་ནས་རྒྱ་གར་སྨན་ཁང་དུ་བསྐྱལ་ཡོད་པས། བོད་མིའི་སྒྲིག་འཛུགས་ནས་ཉེན་སྲུང་ཐད་དོ་གཟབ་མ་བྱས་ན་ཉེན་ཁ་ཆེན་པོ་ཡིན་སྐོར་གསུངས་པ་དེ་ཕྱིར་གྱར་བ་དང་།

ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་ཏེ། སྲིད་སྐྱོང་མཆོག་ནས་བཀུར་འོས་སྤྱི་འཐུས་ཤིག་གིས་ཞིབ་འཇུག་མེད་པར་སྐད་ཆ་དེ་འདྲ་བཤད་པ་དེ་མིང་ཆད་བཟོ་གཞི་དང་། སྤྱི་ཚོགས་ནང་ཟིང་ཐེབས་རྒྱུའི་ཉེན་ཁ་ཡོད་སྟབས་ཛ་དྲག་ཚོགས་ཆུང་ནས་ཡི་གེ་གཏང་སྟེ། ཚོགས་པ་དེ་ག་རང་དུ་དགོངས་སེལ་ཞུ་རུ་འཇུག་དགོས་སྐོར་གསུངས་བའི་ཐད། དེ་རིང་སྔ་དྲོར་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། ས་གནས་མགོ་འཛིན་གྱི་ཚོགས་པའི་ནང་ནང་མོལ་གྱི་སྐད་ཆ་བཤད་པའི་ཐད་དགོངས་སེལ་ཞུ་དགོས་ཡོད་ན། སྐད་ཆ་དེ་ཕྱིར་བསྒྲགས་བྱེད་མཁན་ནས་ཞུ་དགོས་པ་ལས་ངེད་ལ་འགན་འཁུར་གང་ཡང་མེད་ཅེས་གསུངས་སོང་།

གསལ་བསྒྲགས་ཐོག་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས། ཉེ་སྔོན་དྲ་ལམ་ཚོགས་པའི་ནང་གནས་ཚུལ་དེའི་སྐོར་བཤད་སྐབས་ངོ་རྟགས་ཆོད་ཆེད་བུད་མེད་དེར་རོགས་རམ་བྱེད་མཁན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣ་དེའི་མིང་བཟུང་ནས་བཤད་ཡོད་པ་དང་། དེའི་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁ་སྣོན་བྱས་ཏེ་ཕྱི་ལ་དཀྲམས་པ་སོགས་བྱུང་ཡོད་པས། ང་རང་གི་ངོས་ནས་མི་སྣ་དེར་མཐོང་ཆུང་ཁྱད་གསོད་སོགས་གང་ཡང་བྱས་པ་མིན་ལ་བྱེད་དགོས་དོན་མེད། གཞན་དུ་ལས་བྱེད་མི་སྣ་དེ་ང་རང་གི་སློབ་གྲོགས་ཤིག་ཡིན་པས་ནམ་རྒྱུན་མིང་དེ་ལྟར་འབོད་བཞིན་ཡོད་པས་ཡིན་ལ། ད་ལྟའི་ཆར་གནས་ཚུལ་དེ་ཕྱིར་གྱར་ཡོད་སྟབས་ང་རང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཞིག་ཡིན་པ་དང་། བོད་མི་མང་སྤྱི་འཐུས་ཤིག་ཡིན་པས་གང་ཟག་སྒེར་བ་སོགས་ཀྱི་མིང་ནས་བཟུང་སྟེ་བཤད་ཆོག་གི་མེད་སྟབས། བཟང་སྤྱོད་དང་ལྡན་པའི་ངང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དགོངས་དག་ཞུ་ཡི་ཡོད། ཅེས་གསུངས་སོང་།

དེའི་རྗེས་ཡིག་ཐོག་ཏུ་ཡོད་པའི་གསག་འགོད་བསྒྲགས་གཏམ་སྒྲོག་སྦྱངས་གནང་སྐབས་ཁོང་གིས།  གུས་ནས་ས་གནས་འགོ་འཛིན་གྱིས་བཙུགས་པའི་བཞུགས་སྒར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོ་པའི་(WhitApps)ཚོགས་པའི་ནང་། ཏོག་དབྱིབས་ན་ཚ་བྱུང་བའི་བུད་མེད་དེ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཤིག་གིས་དྭང་བླངས་རོགས་རམ་གནང་སྐབས་རྒྱ་གར་མྱུར་སྐྱོབ་ལས་མི་ལྟར། PPE ( Personal Protective Equipment )ལ་སོགས་མ་གྱོན་པའི་ཉེན་འཚབ་ནང་མོལ་དུ་ཞུས་པ། ཚོགས་མི་ཞིག་གིས་ཕྱིར་གྱར་གནང་འདུག་པར་བརྟེན། ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲག་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་གིས་གུས་ནས་ཞུས་དོན་དེས་བཀུར་འོས་སྤྱི་འཐུས་ཤིག་གིས་ཞིབ་འཇུག་མེད་པར་བཤད་པ་དེས་མིང་ཆད་ཆེ་ཐག་ཆོད་བཟོས་ཚུལ་དང་།སྤྱི་ཚོགས་ནང་ཟིང་ཐེབས་རྒྱུའི་ཉེན་ཁ་འདུག་སྟབས། སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་ནས་ཡི་གེ་གཏང་དགོས་ཚུལ། དེ་བཞིན་ཚོགས་པ་དེ་ག་རང་དུ་དགོངས་སེལ་ཞུ་དགོས་ཚུལ་སོགས་ལན་མང་སྐུལ་སློང་གནང་བ་ཐོས་པས་བློ་ཕམ་ཚད་མེད་བྱུང་། ཞེས་གསུངས་སོང་།

གསལ་འགོད་གསལ་བསྒྲགས་ནང་མུ་མཐུད། ས་གནས་མགོ་འཛིན་མཆོག་གིས་བཙུགས་པའི་ཚོགས་པ་དེར་གུས་ནས་ ༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན། བདེ་ལེགས་སྨན་ཁང་གི་ངོས་ནས་ཆུ་ཚོད་ ༢༤ རིང་ནད་པ་བརྟག་དཔྱད་ཀྱི་སྒོ་ཕྱེས་ཡོད་པ་དང་མཐུན་རྐྱེན་ཆ་ཚང་སྦྱོར་གྱི་ཡིན་སྐོར་དང་། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ ཉིན་རིམས་ནད་ཀྱིས་འདས་གྲོངས་སུ་ཕྱིན་པའི་ཁོངས་སུ་བཞག་པའི་བོད་མི་དེར་སྨན་ཁང་དུ་ནང་མི་ཙམ་ལས་མེད་སྐབས། བདེ་ལེགས་སྨན་ཁང་གིས་འཛེམ་ཟོན་མེད་པར། ཁ་ལོ་བ་དང་རླངས་འཁོར་ཆེད་གཏོང་གིས་ཕུང་ལོ་དུར་ཁྲོད་དུ་བསྐྱལ་ཡོད། ཐེངས་འདིར་བུད་མེད་དེར་རོགས་རམས་ཞུ་མཁན་ཡི་རངས་ཞུ་འོས་པའི་དྭང་བླངས་གཞུང་ཞབས་པ་དེས་ཁ་རས་དང་ལག་ཤུབས། ཆར་ཁེབས་ཙམ་གྱོན་མིན་གཞི་རྩ་མིན་པར། གལ་སྲིད་གྱོན་ཡོད་དབང་དུ་བཏང་ནའང་དེ་ནི་དོ་བདག་ཙམ་མིན་པར། རང་གཞན་ཚང་མར་ཉེན་ཁ་ཡིན་པ་ཞུ་ག་ལ་དགོས།ཝུའུ་ཏན་ཏོག་དབྱིབས་གཉན་རིམས་ཚོགས་ཆུང་ལ་མི་འགྲོ་གྲ་སྒྲིག་མེད་ཀྱང༌། དྭང་བླངས་ཞུ་མི་བློས་གཏོང་ལྷག་བསམ་ཅན་ལ་དུས་ལྟར་མཐུན་རྐྱེན་ཚད་ལྡན་སྦྱར་མེད་པ་ནི་ཧ་ཅང་འཐུས་ཤོར་ཆེན་པོར་ངེས། དེར་བརྟེན་ ༢༠༢༠ ཟླ་ ༦ ཚེས་ ༢༢ ཉིན་གུས་ནས་ལས་ཀྱི་སྣེ་མོ་བའི་ཚོགས་པ་དེར་བཤད་པའི་དོན་རྩར་འགྱུར་བ་གང་ཡང་མེད་ལ། དགོངས་སེལ་ཞུ་དགོས་ཡོད་ན། ཕྱིར་བསྒྲགས་བྱེད་མཁན་ནས་ཞུ་དགོས་པ་ལས་ངེད་ལ་འགན་འཁུར་གང་ཡང་མེད། ཅེས་དང་།  ནད་ཡམས་སྔོན་འགོག་གི་ཉེན་སྲུང་གྱོན་ཆས་ (PPE) མ་གྱོན་པར་ནད་པར་རེག་ཐུག་དང་ཉེ་སར་བཅར་བ་སོགས་ནོར་འཁྲུལ་ཡིན་པ་ངེས་པར་ངོས་ལེན་གནང་དགོས་སྐོར་གསུངས་འདུག

མཇུག་ཏུ་ཁོང་གིས།  གུས་ནས་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་གནས་ཚུལ་ཞིག་འགན་ཁུར་ཤ་ཚས་ཞུས་པར་གཞུང་འབྲེལ་སྡིངས་ཆར་མིང་ཚུན་ཆད་བོས་ཏེ་གོ་བ་ལོག་སྒྲུབ་དང༌། གཞི་མེད་ཀླན་ཀ་འཚོལ་རྩིས་བྱེད་པ་ནི་མདའ་མོ་འཕེན་འདོད་མིན་པར། གཞུ་མོ་གཅོག་འདོད་ཡིན་པ་ཀུན་གསལ་ལྟར་ཡང་། ལས་འབྲས་དང་བདེན་པ། ཁྲིམས་ཀྱི་དབང་བསྒྱུར་རྩ་དོན་དུ་འཛིན་མཁན་ཞིག་ལ། ཁྲིམས་ས་ཚུན་དུ་གསལ་བཤད་ཕུ་ཐག་ཆོད་པ་ཞུ་རྒྱུ་ཡོད་པ་དགོངས་མངའ་ཡོང་བ་ནས། སླད་མར་བབ་ཅོལ་དང་མཛེས་ཆོས་ཙམ་གྱིས་ཉི་མ་འཁྱོལ་ཐབས་མི་གནང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཕྱི་ཚེས་ ༢༣ ཉིན་གྱི་གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བུད་མེད་དེར་རོགས་རམ་བྱེད་མཁན་ཁོ་རང་གིས་ཁ་རས་དང་གྱོན་ཆས་གྱོན་ཡོད་པ་འཕྲོད་བསྟེན་ལས་ཁུངས་ལ་ཡིག་ངག་གཉིས་ཐོག་ནས་ཕུལ་ཚར་ཡོད་བ་རེད་ལ། ད་ལྟའི་ཆར་ཤུགས་གསེབ་ནས་ནད་པ་ཞིག་འདུག་དང་བླངས་སུ་ཞིག་ཡོད་ཅེས་ཞུས་པ་ཡིན་ན་དཔེ་དཀའ་ལས་ཁག་པོ་རེད། ཁོ་རང་ལ་མཚོན་ན་ཕར་སོང་ནས་ཡིན་ཤག་ཤག་བྱས་ཏེ་ནད་པ་ལ་ལབ་ནས་ནད་པ་བླངས་པ་རེད། མར་སོང་ནས་ཛ་དྲག་མྱུར་སྐྱེལ་རླངས་འཁོར་སྐད་བཏང་བ་མ་ཟད། རྗེས་སུ་ནད་པ་ལ་སྨན་རྩིས་ཁང་གི་རིལ་བུ་སྐྱེལ་བར་ཕྱིན་པ་རེད། དེའི་སྒང་ལ་ད་ལྟའི་ཆར་ང་ཚོར་མིང་ཆད་ཆེ་ཐག་ཆོད་ཅིག་རག་བསྡད་ཡོད་པ་རེད། ང་རང་གིས་བསམ་ན་བཀུར་འོས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་རྦད་དེ་ནོར་འདུག་བསམ་བཞིན་ཡོད། གལ་ཏེ་ནོར་མེད་ན་དངོས་ནས་ཁ་རས་དང་ཆར་གོས་གྱོན་མེད་པའི་ཁུངས་སྐྱེལ་རྒྱུ་ཡོད་ན་སྐྱེལ་དགོས་པ་རེད་ལ། ད་ལྟ་ང་ཚོས་མི་གཅིག་གཉིས་ཙམ་མིན་པར་རིམ་པ་བཞིན་བཤད་ཡོང་སྐབས་ཡོང་དུས་ཁ་རས་གྱོན་འདུག་མོད། དེ་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་གིས་འཐུས་ཤོར་བཏང་སྟེ། ནད་པ་ལ་རོགས་པ་བྱེད་སྐབས་ཁ་རས་དང་ཆར་གོས་མེད་པར་རྗེས་སུ་གངས་སྐྱིད་ལས་ཁུངས་ནང་ལས་ཀ་ལས་པར་ཕྱིན་པ་སོགས་བཤད་བསྡད་པ་ཡིན་ན། ཚང་མར་བརྡབ་གསིག་གཏོང་གཞི་ཞིག་ཆགས་ཡོད་སྟབས། ཛ་དྲག་ཚོགས་ཆུང་ངོས་ནས་ཕྱག་ཡིག་ཕུལ་ནས་ཁོ་རང་ལ་ཚོགས་པ་དེ་རང་བརྒྱུད་ནས་བཤད་རྒྱུ་ག་རེ་ཡོད་པ་བཤད་བཅུག་པ་ཡིན་ན། དེ་ག་རང་ནས་གནས་ཚུལ་གསལ་བོ་ཆགས་འགྲོ་ཡི་ཡོད། ཅེས་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས། སླད་ཕྱིན་ཤུགས་གསེབ་ལ་ནད་པ་དེ་འདྲ་ཐོན་པ་ཡིན་ན། བདེ་ལེགས་སྨན་ཁང་གིས་ལན་སྐྱེལ་བ་དང་ལེན་དུ་འགྲོ་བར་འགན་འཁུར་ན་ཡག་པོ་ཡོད་ས་རེད། སྨན་པ་དང་སྨན་ཞབས་ལས་བྱེད་ཚང་མ་སྦྱོང་བརྡར་ཡོད་པ་རྐྱང་རྐྱང་རེད། ཐེངས་འདིར་སྐད་ཆ་དེ་འདྲ་བཤད་པ་གཅིག་པུ་མ་ཡིན་པར་གཞིས་ཆགས་ཁག་ནང་ཚོད་དཔག་ཐོག་ནས་སྐད་ཆ་གང་བྱུང་བཤད་མཁན་བྱུང་གི་ཡོད་པས། མ་འོངས་པར་སྐད་ཆ་དེ་འདྲ་བཤད་མཁན་ཚོར་འགན་འཁུར་བཅུག་དགོས་རྒྱུ་གལ་ཆེན་པོ་རེད།  ཅེས་གསུངས་འདུག

དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་འཕྲོད་བསྟེན་བཀའ་བློན་མཆོག་གི་དབུས་པའི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་སྨན་པ་གཉིས་བཅས་ནས། ཏོག་དབྱིབས་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་སྐོར་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། ཚོགས་འདུའི་སྟེང་སྲིད་སྐྱོང་མཆོག་དང་འཕྲོད་བསྟེན་བཀའ་བློན་མཆོག་གཉིས་ནས། རྗེས་ཕྱོགས་བོད་པའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་པ་ཐོན་པ་ཡིན་ན། བརྒྱུད་ལམ་ཁག་གཙོས་མི་མང་ནས་ནད་པ་ཐོན་ཡོད་པ་རེད་ཅེས་གང་བྱུང་བཤད་པ་དང་། དཀྲོག་གཏམ་རིགས་སྤེལ་བ་སོགས་མི་བྱེད་པའི་རེ་སྐུལ་ཞུ་བཞིན་ཡོད་ལ།་གནད་དོན་དེས་སྤྱི་ཚོགས་ལ་ཕན་ཐོགས་གང་ཡང་མེད་པར་མི་མང་ལ་སེམས་འཁྲལ་འཕར་མ་སྤྲོད་བཞིན་ཡོད་སྟབས། ཏོག་དབྱིབས་ནད་རིམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར་གལ་གནད་ཆེན་པོ་ཞིག་མི་མང་གི་སེམས་ཁམས་འཕྲོད་བསྟེན་བདེ་ཐང་ཡིན་དགོས་པ་གལ་ཆེན་ཡིན་སྟབས། མི་མང་ངོས་ནས་གནས་ཚུལ་ཞིག་ཐོན་པ་དང་གང་བྱུང་བཤད་པ་དང་ཁྱབ་བསྒྲགས་འདྲ་མིན་བྱས་པ་ཡིན་ན། རྗེས་ཕྱོགས་འགན་སོ་སོའི་འཁུར་དགོས་པ་མ་ཟད་གང་ཟག་དེར་ནད་རྟགས་ཐོན་པ་ཡིན་ན། སོ་སོའི་ངོས་ནས་འགན་འཁུར་སྟེ་སྨན་བཅོས་སོགས་བྱེད་དགོས་པས་བོད་མིའི་སྒྲིག་འཛུགས་ནས་འགན་འཁུར་མི་ཐུབ་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༥

Leave a Reply

2 thoughts on “ཏོག་དབྱིབས་དང་འབྲེལ་བའི་དེ་རིང་གི་གསར་འགོད་གསལ་བསྒྲགས་གཉིས།

  1. འདམ་སྐྱེས།

    དོན་གནད་གལ་ཆེན་མིན་པ་འདི་ལྟབུ་ལ་གསར་འགོད་གསལ་བསྒྲགས་གནང་བ་ནི་མི་མང་ནང་དགོས་མེད་དུས་གྲོན་ལས་མ་འདས་པ་མ་ཟད། ང་ཚོ་བོད་རིགས་ནང་ཁུལ་ལ་ཐུག་ན་དངོས་གནས་རུ་ངལ་པོ་དང་དོ་སྣང་ཆེན་པོ་གནང་བ་བཞིན་བོད་དོན་ལ་གནང་ན་ཅི་མ་རུང་དྲན་སོང་ངོ་།།

  2. གུས་ནས་ ༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན། ་་་་་༢༠༢༠་་་་་ཉིན།

    ཁ་ལོ་བ་དང་རླངས་འཁོར་ཆེད་གཏོང་གིས་ཕུང་ལོ་དུར་ཁྲོད་དུ་བསྐྱལ་ཡོད། ་་་་་་་་ཕུང་པོ་་་་་་་་ཡོད།

    དེའི་རྗེས་ཡིག་ཐོག་ཏུ་ཡོད་པའི་གསག་འགོད་བསྒྲགས་གཏམ་སྒྲོག་སྦྱངས་གནང་སྐབས་ཁོང་གིས།  གུས་ནས་ས་གནས་འགོ་འཛིན་གྱིས་བཙུགས་པའི་བཞུགས་སྒར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོ་པའི་(WhitApps)ཚོགས་པའི་ནང་། ་་་་་་་གསར་འགོད་་་་་་་་སྣེ་མོ་བའི་་་
    (WhatsApp)

    མཇུག་ཏུ་ཁོང་གིས། གུས་ནས་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་གནས་ཚུལ་ཞིག་འགན་ཁུར་ཤ་ཚས་ཞུས་པར་གཞུང་འབྲེལ་སྡིངས་ཆར་མིང་ཚུན་ཆད་བོས་ཏེ་གོ་བ་ལོག་སྒྲུབ་དང༌། གཞི་མེད་ཀླན་ཀ་འཚོལ་རྩིས་བྱེད་པ་ནི་མདའ་མོ་འཕེན་འདོད་མིན་པར། གཞུ་མོ་གཅོག་འདོད་ཡིན་པ་ཀུན་གསལ་ལྟར་ཡང་། ལས་འབྲས་དང་བདེན་པ། ཁྲིམས་ཀྱི་དབང་བསྒྱུར་རྩ་དོན་དུ་འཛིན་མཁན་ཞིག་ལ། ཁྲིམས་ས་ཚུན་དུ་གསལ་བཤད་ཕུ་ཐག་ཆོད་པ་ཞུ་རྒྱུ་ཡོད་པ་དགོངས་མངའ་ཡོང་བ་ནས། སླད་མར་བབ་ཅོལ་དང་མཛེས་ཆོས་ཙམ་གྱིས་ཉི་མ་འཁྱོལ་ཐབས་མི་གནང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག་པའི་ཚིག་འདི་ལྗི་ཁོག་ཆེན་པོ་རེད།