ཁྲིམས་སྒྲིག་དང་མི་འགལ་བའི་ཐོག་ནས་ལས་དོན་དྲང་པོ་བྱེད་ཀྱི་ཡིན།

སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་ཐོག་བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༡༨ བའི་སྟེང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ (༡༠༡) ནང་གསེས་ (༡) པོ་དང་། དོན་ཚན་ (༡༠༡) ནང་གསེས་ (༢) པའི་དགོངས་དོན་བཞིན། འདེམས་སྒྲུག་ཚོགས་ཆུང་ནས་བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྤྱི་འཐུས་རྒྱུན་ལས་ ༡༡ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་སུ་སྤྱི་འཐུས་རྒྱུན་ལས་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཆོས་དབྱིངས་དོན་གྲུབ་ལགས་སུ་དེ་འབྲེལ་གནས་ཚུལ་སྐོར་ནས་སྐད་ཆ་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན། བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཞིག་ཡིན་པ་དང་། བོད་ཕྲུག་ཁྱིམ་སྡེའི་ཚོགས་པ་ནང་ཞབས་ཞུ་བྱས་ཏེ་ལོ་ངོ་ ༣༥ ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ང་རང་བལ་ཡུལ་ལ་འགྲོ་གྲབས་ཡོད་མོད། མ་སོང་སྔོན་ལ་བོད་མིའི་སྒྲིག་འཛུགས་ནང་ལས་དོན་ཆུང་ཆུང་ཞིག་གི་གོ་སྐབས་ཤིག་ཐོབ་སོང་བསམ་ནས་སེམས་ནང་དགའ་སྤོབས་བྱུང་ལ། མ་འོངས་པར་ལས་དོན་ག་འདྲ་ཞིག་ཡིན་ཡང་ཁྲིམས་དང་སྒྲིག་གཞི་ཁག་ལ་མ་འགལ་བའི་ཐོག་ནས་དྲང་པོ་དྲང་རྐྱང་བྱེད་དགོས་པ་དེ་ལས་འགན་དང་པོ་རེད་བསམ་ཡོད་ལ། དེ་བཞིན་སྐབས་དང་དུས་ལ་ལས་བྱེད་ཀྱི་རྩིས་སོགས་ལ་དཀའ་ངལ་འཕྲད་པ་དང་། དེ་དག་གི་ཐད་ལ་རོགས་རམ་དང་རྒྱབ་སྐྱོར་སོགས་དགོས་པ་ཡིན་ན་ཞུ་འོས་པ་དང་ཞུ་དགོས་བསམ་ནས་ཡོད། ཅེས་བརྗོད་བྱུང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་སྟེང་བཀོད་པའི་གནས་ཚུལ་ནང་གསལ་བ་ལྟར་ན། ཆོས་དབྱིངས་དོན་གྲུབ་ལགས་ནི་ཕྱི་ལོ་ ༡༩༥༩ ཟླ་ ༧ ཚེས་ ༡ ཉིན་ཁམས་སྦྲ་ཆེན་དུ་སྐྱེས་ཤིང་། གཞི་རིམ་སློབ་གྲྭ་ནས་ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་བོད་ཡིག་སློབ་སྦྱོང་སླད་འཛུལ་ཞུགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༤ ལོར་ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ཨ་ཅཱརྱ་བསླབ་པ་མཐར་སོན་རྗེས།  ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༡༥ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭ་གསར་འཛུགས་སྐབས་བོད་དགེའི་ཞབས་ཞུ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་ཆེར་གནས་སྤར་གནང་། ཕྱི་ལོ་ ༢༠༠༥ ལོར་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིར་གནས་སྤར་གནང་། ཕྱི་ལོ་ ༢༠༡༢ ལོར་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིར་གནང་སྤོས་གནང་། ཕྱི་ལོ་ ༢༠༡༥ ལོར་སུ་ཇ་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པར་གནས་སྤར་གནང་། ཕྱི་ལོ་ ༢༠༡༧ ལོར་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འཛིན་སྐྱོང་དྲུང་ཆེར་གནས་སྤར་ཏེ་ད་བར་བོད་ཁྱིམ་སློབ་གྲྭར་ལོ་ངོ་ ༣༥ ལྷག་རིང་ཕྱག་ལས་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༦

Leave a Reply