ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་གི་གནས་བབ་སྲུང་སྐྱོབ་ཀྱི་ཁྲིམས་འཆར་བཏོན།

ཧོང་ཀོང་གི་ཁྲིམས་གསར་ལག་བསྟར་བྱས་ཏེ་ཡུལ་དེའི་རང་སྲིད་རང་སྐྱོང་གི་གནས་བབ་ལ་འགྱུར་བཅོས་གཏང་ཚེ་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཚོགས་སྡེ་གང་ཡིན་ལ་ཉེས་ཆད་གཅོད་དགོས་སྐོར་གྱི་ཁྲིམས་འཆར་བཏོན།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་དང་རྒྱ་ནག་གཉིས་དབར་བཞག་པའི་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྡོག་རོལ་བཏང་སྟེ། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་བཟོ་ཡི་ཡོད་པར་བརྟེན། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ཝན་ཧོལ་ལིན་ (Chris Van Hollen) ལགས་ཀྱིས། ཁྲིམས་གསར་དེ་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་གྱི་མི་སྒེར་དང་ཚོགས་སྡེ་གང་རུང་ནས་ཧོང་ཀོང་རང་སྲིད་རང་སྐྱོང་གི་གནས་བབ་ལ་འགྱུར་བཅོས་བཏང་ཚེ་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། ཁྲིམས་འཆར་དེ་ནི་ཁྲིམས་འཆར་གཞན་དང་མི་འདྲ་བར་ཟླ་གཅིག་ཙམ་རིང་ཨ་རིའི་གྲོས་ཚོགས་གོང་མའི་ནང་མོས་མཐུན་བྱུང་བ་ཞིག་ཡིན་འདུག

ཧོང་ཀོང་དང་ཨོ་མན་གྱི་ཨ་རིའི་དོན་གཅོད་ཟུར་པ་ཁུར་ཐུང་ (Kurt Tong) ལགས་ཀྱིས། ཁྲིམས་འཆར་འདི་དུས་ཡུན་ཐུང་ཐུང་ཞིག་གི་ནང་གཏན་འབེབ་བྱེད་བཞིན་པ་ནི། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་པ་ཞེས་པ་མགྱོགས་མྱུར་ལག་བསྟར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པས་ཡིན་པ་རེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ཁྲིམས་འཆར་གསར་པ་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་འཐོབ་ཚེ། གྲོས་ཚོགས་གོང་འོག་གཉིས་ཀྱི་ཚིག་དོན་གཅིག་གྱུར་ཐོག་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་རྟགས་བསྐྱོན་དགོས་ཀྱི་ཡོད་འདུག

ད་ལྟ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཞེས་པ་དེའི་ནང་དོན་ཞིབ་གསལ་ཕྱིར་བསྒྲགས་བྱས་མེད་ནའང་། ཟླ་འདིའི་མཇུག་ཏུ་ལག་བསྟར་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཁྲིམས་དེས་ཧོང་ཀོང་ནང་རྒྱ་ནག་གཞུང་དང་ཁ་གཏད་ཀྱི་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ལས་རིགས་ཡོངས་རྫོགས་ལ་བཀག་སྡོམ་དང་། ད་དུང་ཁྲིམས་དེའི་འོག་ནས་ཧོང་ཀོང་ནང་གི་གྱོད་དོན་རིགས་རྒྱ་ནག་ནང་ཁྲིམས་བཤེར་སླད་གཏོང་བ་སོགས། མདོ་དོན་ཁྲིམས་དེའི་ནང་འདས་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱེད་རྩིས་བྱས་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཡང་ཚུད་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཉིན་མཐའ་མའི་སྟེང་། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་བཏོན་རྗེས། ཧོང་ཀོང་གི་གྲོང་ཁྱེར་ལྟེ་བར་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་ཁྲིམས་འཆར་དེར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་པས་ལས་འགུལ་བའི་ཐོག་མིག་ཆུའི་དུག་རླངས་གཏོར་ཏེ། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པའི་ཉེས་མིང་འོག་ཉུང་མཐར་ལས་འགུལ་བ་ ༡༢༠ འཛིན་བཟུང་བྱས་ཡོད་པ་དང་། འཛམ་གླིང་གི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི་༢༠༠ ལྷག་གིས་རྒྱ་ནག་དམར་ཤོག་ཚོགས་པར་ཁྲིམས་ཡིག་དེ་དང་འབྲེལ་སྐྱོན་བརྗོད་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་ཨ་རིའི་གྲོས་ཚོགས་ནང་བཏོན་པའི་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཡོད་པ་དང་། ཁྲིམས་ཡིག་དེའི་ནང་ཨ་རིའི་གཞུང་གིས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ཡིག་སོགས་ཀྱི་ཐོག་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༢༦

Leave a Reply