ཨ་རི་དང་ཡུ་རོབ་མཉམ་རུབ་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་སྐུལ་མ་གནང་།

རྒྱ་ནག་གཞུང་གིས་ནུབ་གླིང་དང་དམངས་གཙོའི་རིན་ཐང་ལ་ཉེན་ཁ་ག་རེ་བཟོ་ཡི་ཡོད་པའི་སྐོར་གྱི་ཡུ་རོབ་ཀྱི་བགྲོ་གླེང་ནང་ཨ་རི་མཉམ་ཞུགས་གནང་རྒྱུ་ཡིན་འདུག རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་མཆོག་གིས་དྲ་ལམ་ཚོགས་འདུ་ཞིག་གི་སྟེང་། ཨ་རི་དང་ཡུ་རོབ་བར་ལ་རྒྱ་ནག་གི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་མོས་མཐུན་བྱུང་ཡོད་པ་དང་། ཨེཊ་ལན་ཊིག་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཚོས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་བྱ་དགོས་སྐོར་གསུངས་ཡོད་འདུག

ཨ་རིར་རྟེན་གཞི་བྱས་པའི་འཇར་མན་མར་ཤལ་ཐེབས་རྩ་ (German Marshall Fund) ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་གིས་དྲ་ལམ་བརྒྱུད་གོ་སྒྲིག་བྱས་པའི་བྷུ་རེ་སལ་གླེང་སྟེགས་ཐོག་པོམ་པིའོ་ལགས་ཀྱིས། ང་ཚོས་རང་གི་རང་དབང་ལྡན་པའི་སྤྱི་ཚོགས་དང་། ཡར་ཐོན། མ་འོངས་པ་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད། ཨེཊ་ལན་ཊིག་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཚོས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གི་ཉེན་ཁར་གདོང་ལེན་མུ་མཐུད་བྱེད་དགོས། ཞེས་དང་། ངས་ང་ཚོའི་མ་འོངས་པ་དེ་རྒྱ་ནག་དམར་ཤོག་ཚོགས་པས་ཁ་ལོ་བསྒྱུར་དུ་འཇུག་འདོད་མི་འདུག གླེང་སྟེགས་འདིར་ཞུགས་པའི་ཁྱེད་ཅག་སུ་ཅིག་གིས་ཀྱང་དེ་ལྟར་འདོད་ཀྱི་མེད་པ་ངས་འགན་ལེན་བྱེད་ཐུབ། ཅེས་གསུངས་འདུག

ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་བྷོ་རལ་ (Josep Borrell) མཆོག་གིས། ཨ་རི་དང་ཡུ་རོབ་བར་རྒྱ་ནག་གི་གནད་དོན་ཐད་དམིགས་བསལ་གྲོས་མོལ་ཞིག་ཚུགས་རྒྱུའི་མགྲོན་ཤོག་བཏང་བ་དེར་ཨ་རིའི་ཕྱོགས་ནས་དྭང་ལེན་གནང་ཡོད་པ་དང་།  གྲོས་མོལ་དེའི་སྐབས་སུ་རྒྱ་ནག་གིས་ནུབ་གླིང་དང་དམངས་གཙོའི་རིན་ཐང་ལ་ཉེན་ཁ་ག་རེ་སྤྲོད་ཀྱི་ཡོད་པའི་སྐོར་ལ་གླེང་སློང་གནང་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

དེ་བཞིན། ཁ་སང་གི་དྲ་ལམ་ཚོགས་འདུའི་སྟེང་ཉེ་བའི་ཆར་རྒྱ་ནག་གིས་ཧིན་བོད་ས་མཚམས་དང་ས་ཁུལ་གཞན་དུ་དམག་འཐབ་སློང་བཞིན་པའི་གནད་དོན་དང་འབྲེལ། རྒྱལ་སྲིད་དྲུང་ཆེ་པོམ་པིའོ་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་མཆོག་དང་ལྷན་དུ་རྒྱ་ནག་གིས་ལྷོ་རྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དང་། རྒྱ་གར་གྱི་ས་མཚམས། དེ་བཞིན་ཞི་བདེ་བག་ཕེབས་སུ་གནས་པའི་ཁྱིམ་མཚེས་རྒྱལ་ཁག་དག་ལ་དམག་སྟོབས་ཀྱིས་འགྲན་སློང་ཤུགས་ཆེར་བྱེད་བཞིན་པའི་གནད་དོན་ཐད་གླེང་སློང་གནང་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་བྱེད་སྟངས་དེ་དག་ནི་རྒྱ་གར་གཙོས་པའི་ཝི་ཋི་ནམ་དང་། ཨིན་ཌོ་ནེ་ཞེ་ཡ། མ་ལེ་ཤི་ཡ། ཧྥི་ལི་པིན། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་བཅས་པར་ཉེན་ཁ་བཟོ་བཞིན་ཡོད་སྟབས། ཨ་རིའི་དམག་གིས་ཉེན་ཁ་གར་ཡོད་དེར་གྲ་སྒྲིག་བྱེད་ཀྱིན་ཡོད་སྐོར་གསུངས་ཡོད་འདུག

རྒྱ་ནག་དེ་ཡུ་རོབ་ཀྱི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་གཉིས་པ་དེ་ཡིན་ཞིང་། ཉེ་དུས་ཡུ་རོབ་ཀྱིས་ཚོང་དོན་ཁེ་ཕན་ལ་གཞིགས་ཏེ་རྒྱ་ནག་ལ་བསྟུན་མཁས་བྱས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཛ་དྲག་ཏུ་གྱུར་བ་དང་བསྟུན། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ཡུ་རོབ་མཐུན་ཚོགས་ཀྱིས་ཐེངས་དང་པོར་རྒྱ་ནག་དེ་ཡུ་རོབ་ཀྱི་ཁ་གཏད་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་མ་ཟད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་རྒྱབ་སྐྱོར་བྱེད་མཁན་ཐོག་མའི་གྲས་ཨི་ཊ་ལི་ (Italy) རྒྱལ་ཁབ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།  དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ལྷན་ཁང་གི་ཚོགས་གཙོ་ཆར་ལི་སི་མི་ཤཱལ་ (Charles Michel) དང་འཛིན་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་ཌིར་ལི་ཡོན་ (Ursula von der Leyen )རྣམ་གཉིས་གཙོ་བོར་གྱུར་བའི་ཆེས་མཐོའི་དཔོན་རིགས་ཁག་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆཱང་བར་ཕྱོགས་གཉིས་ཀྱི་ཚོང་འབྲེལ་སོགས་ཀྱི་དྲ་ལམ་ཚོགས་འདུ་ཞིག་བསྐོངས་པའི་ཐོག ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་འདས་པའི་ལོ་ཤས་རིང་ནས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་ཁག་ཇི་བཞིན་ལག་བསྟར་བྱས་མེད་པར་སྐྱོན་བརྗོད་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཚོགས་པའི་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག ཡུ་རོབ་མཐུན་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་ཅིག་ཚུགས་དགོས་པའི་གྲོས་འཆར་བཏོན་ཡོད་པ་དེར་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབ་བྱས་ཡོད་པ་རེད།

གཞན་ཡང་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་ (G7) ཚོགས་ཁོངས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམས་ཀྱིས་མཉམ་འབྲེལ་གྱི་ཐོག རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཅིག་གཏན་འབེབ་བྱེད་ཀྱི་ཡོད་པ་དེར་བློ་འཚབ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁྲིམས་ཡིག་ཏུ་གཏན་འབེབ་མི་བྱ་རྒྱུའི་རེ་སྐུལ་བྱས། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་ལ་ཁ་གཏད་དུ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ལྷན་ཚོགས་ཤིག་གསར་འཛུགས་བྱས་ཡོད་པ་དང་། ལྷན་ཚོགས་དེའི་ནང་དུའང་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མིའི་གཙོས་པའི་འཇར་མན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ནོར་ཝེ། སེ་ཝེ་ཌན་གྱིས་མཚོན་པའི་ཡུ་རོབ་རྒྱལ་ཁབ་ཀྱི་འཐུས་མི་ཞུགས་ཡོད་པ་རེད། གང་ལྟར་ཚོང་འབྲེལ་གྱི་འགལ་ཟླའི་ཐོག འདི་ལོའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཛ་དྲག་ཏུ་གྱུར་ཡོད་པར་བརྟེན། ཨ་རིའི་ཕྱོགས་ནས་ཀྱང་རང་གི་མནའ་འབྲེལ་རྒྱལ་ཁབ་ཚོ་དང་ལག་རྡང་སྦྲེལ་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༢༦

Leave a Reply