བོད་ཀྱི་སྟག་ཤར་ཞིག་གིས་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ།  

ཁ་ན་ཌའི་བོད་ཀྱི་སྟག་ཤར་སངས་རྒྱས་སྐྱབས་ལགས་ཀྱིས་ཁ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་ནས་རྒྱལ་ས་ཨོ་ཐྲའ་ཝའི་རྒྱ་ནག་གཞུང་ཚབ་ཁང་མདུན་བར་བོད་དོན་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན། ཕྱི་ལོ་ ༢༠༡༦ ལོའི་ཁ་ན་ཌའི་བོད་ཀྱི་སྟག་ཤར་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་མཁན་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་རྗེས་སུ། བོད་ནི་མུ་མཐུད་ནས་འཛམ་གླིང་ནང་གི་ཆེས་དྲག་གནོན་འོག་ཡོད་པར་བརྟེན། རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་ ༣ ཅན་ཞིག་ཞུས་ཏེ། ཁ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་ནས་རྒྱལ་ས་ཨོ་ཐྲའ་ཝའི་རྒྱ་ནག་གཞུང་ཚབ་ཁང་མདུན་བར་རྒྱང་ཐག་སྤྱི་ལེ་ ༤༠༠ ཙམ་ལ་ཞི་བའི་གོམས་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག

འདི་གའི་གསར་འགོད་པས་སངས་རྒྱས་སྐྱབས་ལགས་སུ་ལས་འགུལ་གྱི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། ང་རང་གིས་ལོ་ཤས་སྔོན་ནས་བཟུང་། སྐུའི་བླ་གཟའ་ལྷག་པ་ནམ་ཡིན་ལ་ཊོ་རན་ཊོ་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་དོན་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད་ལ། ལོ་འདིར་གཅིག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ བཞེས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་དྲག་གནོན་བྱེད་བཞིན་ཡོད་སྟབས། བོད་པ་ཞིག་ཡིན་པའི་ངོས་ནས་བོད་དོན་ཐད་བོད་མི་སུ་ཡིན་ཀྱང་འགན་རེ་ཡོད་པས། ང་རང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཁ་ན་ཌའི་གྲོས་ཚོགས་སོགས་ལ་འབོད་སྐུལ་དོན་ཚན་ཁག་ཅིག་ཞུས་ཏེ་ལས་འགུལ་འདི་མགོ་འཛུགས་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟའི་ཆར་གོམ་བགྲོད་མགོ་བཙུགས་ཏེ་འགྲོ་བཞིན་པ་ཡིན་ལ། ལམ་བར་སོགས་ནས་དཀའ་ངལ་གང་ཡང་འཕྲད་མ་སོང་བ་མ་ཟད།  མི་རིང་བར་ཞི་བའི་གོམ་བགྲོད་ལས་འགུལ་འདི་ཁ་ན་ཌའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་མདུན་བར་བསྐྱལ་རྗེས། ཉིན་ཤས་རིང་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་དང་། དེའི་རྗེས་ཁ་ཕྱིར་འཁོར་ནས་ཊོ་རན་ཊོ་གྲོང་ཁྱེར་བར་གོམ་བགྲོད་ཀྱིས་ཡོང་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མཚམས་འཇོག་བྱ་རྒྱུ་དང་། གོམ་བགྲོད་མགོ་འཛུགས་སྐབས་ཁ་ན་ཌ་བོད་རིགས་ཚོགས་པ་གཙོས་ཚོགས་པ་མང་པོས་སྐྱེལ་མ་བྱེད་པ་སོགས་རོགས་པ་ཡག་པོ་གནང་སོང་ལ། བོད་པ་ཚོས་དེ་ལྟར་མཐུན་སྒྲིལ་ངང་ནས་གཅིག་ཕན་གཅིག་གྲོགས་ཀྱིས་བོད་དོན་ལས་འགུལ་སྤེལ་བ་དང་། བོད་དོན་ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་བོད་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་བཞིན་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་ ༣ ཞུས་ཡོད་པ་ནི། རྒྱ་ནག་གིས་ཁྲིམས་འགལ་སྒོ་ནས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་རྗེས་སུ། བོད་ནི་ད་དུང་མུ་མཐུད་འཛམ་གླིང་ནང་གི་ཆེས་དྲག་གནོན་འོག་ཡོད་པའི་ས་ཁུལ་ཞིག་ཡིན་པས། ངས་རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུ་རྒྱུར། གཅིག ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་རང་ཡུལ་གངས་ལྗོངས་སུ་གདན་འདྲེན་བྱེད་པར་རྒྱབ་སྐྱོར་གནང་རོགས། གཉིས། བོད་དང་རྒྱ་ནག་གཉིས་ཀྱི་དབར་ལ་དྲང་བདེན་གྱི་གྲོས་མོལ་བསྐྱར་གསོ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས། གསུམ། ༧པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་ཀྱི་སྐད་ཡིག་ཐོན་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་གཉིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས་པ་བཅས་རེད་འདུག

སངས་རྒྱས་སྐྱབས་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཁ་ན་ཌའི་ཊོ་རན་ཊོ་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་དོན་ཞི་བའི་ལས་འགུལ་སྤེལ་མགོ་ཚུགས་ཡོད་པ་ད་ང། སྐབས་དེར་ཁོང་གིས་འདི་གའི་གསར་འགོད་པར་ང་རང་ལ་མཚོན་ན་སྔོན་ཆད་རྒྱ་གར་ན་ཡོད་སྐབས་མ་རབས་ཀྱི་ལས་ཀ་འདྲ་མིན་བྱས་འདུག་མཁན་ཞིག་ཡིན་མོད། རྗེས་སུ་ཁ་ན་ཌར་སླེབས་རྗེས་མི་རིགས་འདྲ་མིན་དང་ཐུག་རྒྱུ་བྱུང་བ་དེས། རང་ཉིད་ལ་སློབ་སྦྱོང་ཡག་པོ་ཞིག་དང་མི་ཚེའི་ནང་བོད་དོན་ཆེད་ལས་ཀ་ཞིག་བྱ་དགོས་བསམ་པའི་ཚོར་བ་ཆེན་པོ་བྱུང་། མ་འོངས་པར་ང་རང་གིས་ཐུབ་ཚོད་ཀྱིས་ལས་འགུལ་འདི་རྒྱུན་མཐུད་པ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་ནག་གཞུང་གིས་བོད་མི་ཚོར་མནར་གཅོད་གདུག་རྩུབ་ཅན་གྱི་སྲིད་བྱུས་མང་པོ་ལག་བསྟར་བྱེད་བཞིན་པ་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་ཐུབ་པའི་ཆེད་དུ་ལས་འགུལ་རིགས་གང་ཐུབ་ཅིག་སྤེལ་དགོས་བསམ་ཡོད། ཅེས་བརྗོད་ཡོད་པ་རེད།

ཁ་ན་ཌའི་བོད་ཀྱི་སྟག་ཤར་སངས་རྒྱས་སྐྱབས་ལགས་ནི་ཕྱི་ལོ་ ༡༩༩༢ ལོར་བོད་ཤར་ཕྱོགས་མཛོད་དགེ་རྫོང་འབོས་ཡུལ་ཚོ་རུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་ཡོད་པ་དང་། རྗེས་སུ་དྷ་ས་མེག་གྷན་དུ་ལོ་ཤས་རིང་བསྡད་ཡོད་པ་དང་། ༢༠༡༤ ལོར་ཁ་ན་ཌར་ཕྱིན་ཏེ་སྐུའི་བླ་གཟའ་ནམ་ཡིན་ལ་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཁ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྡུས་པའི་བོད་ཀྱི་སྟག་ཤར་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༢༩

Leave a Reply