སྐུའི་འཁྲུངས་སྐར་ཉིན་རང་ཁྱིམ་ནས་མ་ཎི་ཡིག་དྲུག་སྟོང་ཚར་རེ་གསོག་དགོས་པའི་དགེ་སྐུལ།

འདི་ལོར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་མང་པོ་འདུ་འཛོམས་བྱེད་ཆོག་གི་མེད་སྟབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་རང་ཁྱིམ་ནས་མ་ཎི་ཡིག་དྲུག་སྟོང་ཚར་གསོག་སྒྲུབ་དགོས་པའི་རེ་སྐུལ་གནང་འདུགདེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་འཆར་ལ་ཉེ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསལ་བསྒྲགས་ཤིག་བསྐྱངས་པའི་ནང་། འདི་ལོར་ནད་ཡམས་ཀྱི་རྐྱེན་པས་མི་མང་འདུ་འཛོམས་རིགས་མེད་སྟབས། བོད་མི་ཡོངས་ནས་རང་གི་སྡོད་ཁང་ནས་ཉུང་མཐར་མ་ཎི་ཡིག་དྲུག་སྟོང་ཚར་རེ་གསོག་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་ཡིག་ཐོག་དེའི་ནང་། ཀུན་གྱིས་མཁྱེན་གསལ་ལྟར། ཕྱི་ཟླ་བདུན་པའི་ཚེས་ ༦ ནི་སྤྱི་ནོར་༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པར་ཅན་ཡིན་ཞིང་། རྒྱུན་དུ་བོད་མི་འདུས་སྡོད་ཁུལ་སོ་སོར་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གཟབ་རྒྱས་ངང་ཞུ་སྲོལ་དེ་ལྟར་ཡང་། འདི་ལོར་ཡུལ་ལུང་ཀུན་ཏུ་འགོས་ནད་ཀྱི་དཀའ་ངལ་ལ་བརྟེན། མི་ཚོགས་འདུ་འཛོམས་བྱ་ཐབས་མེད་པས་རང་རང་གི་བཞུགས་ཁང་དུ་སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་རྒྱུ་དང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ཕན་བདེ་ནི་༧མགོན་པོ་གང་ཉིད་ཀྱི་མཛད་པ་ཁོ་ནར་རྗེས་སུ་འགྲོ་ལྡོག་ངེས་ཤིང་། ༧མགོན་པོ་མཆོག་ཉིད་སྐུ་ཚེ་༧ཞབས་པད་བརྟན་མིན་ཡང་རང་ཅག་བོད་འབངས་རྣམས་ཀྱི་བསོད་ནམས་ཀྱིས་འཁྱོག་མིན་ལ་རག་ལུས་སྟབས། སྲིད་ཞིའི་རྣམ་འདྲེན་༧མགོན་པོ་མཆོག་ཉིད་སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བོད་འབངས་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་གསོག་ཆེད་སྐུའི་འཁྲུངས་སྐར་ཉིན་བོད་རིགས་སྐྱ་སེར་ཕོ་མོ་རྒན་བྱིས་ཡོངས་ནས་མ་ཎི་ཡིག་དྲུག་སྟོང་ཚར་རེ་ལས་མ་ཉུང་བ་གསོག་གནང་ཡོང་བ་ཞུ་རྒྱུའི་རྣམ་དཀར་དགེ་སྐུལ་དུ། ཞེས་བཀོད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་སྟེང་། ད་ཆ་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་ལམ་སྟོན་གཞིར་བཟུང་མི་གྲངས་ལྔ་བཅུ་ལས་ཉུང་བ་ཡོད་པའི་ཐོག་ནས་མཛད་སྒོ་དང་གཉེན་སྒྲིག་སོགས་བྱེད་ཆོག་གི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལས་ཁུངས་ཁག་གི་དྲུང་ཆེ་བཅས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་གཏན་འཁེལ་ཡོད།  འདི་ནས་འབྲེལ་ཡོད་རྫོང་དཔོན་དང་ལས་བྱེད་ལྷན་བཀའ་སྡུར་གནང་སྐབས་དགག་བྱ་ཡོད་པ་གང་ཡང་གསུང་གི་མི་འདུག བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་ཀྱང་གནད་ཡོད་མི་སྣ་ཡོད་པའི་ཐོག་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་དགོས་པའི་ལམ་སྟོན་ཞུ་ཡི་ཡོད། འོན་ཀྱང་ས་གནས་དང་། རྫོང་། མངའ་སྡེ་སོ་སོའི་ལམ་སྟོན་གཞིར་བཟུང་ངེས་པར་དུ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༢༩

Leave a Reply