རྒྱལ་ཚོགས་ཀྱི་ཆེད་མཁས་པ་ ༥༠ ཙམ་གྱིས་བོད་དོན་འབོད་སྐུལ་གནང་།

འདས་པའི་ལོ་ངོ་ ༡༠ རིང་རྒྱ་ནག་གཞུང་གིས་རང་རྐྱ་འཕེལ་བའི་རྒྱལ་སྤྱིའི་ཆེད་མཁས་པ་གཅིག་ཀྱང་བོད་ནང་དུ་བཏང་མེད་པས་ངེས་པར་དུ་ཆེད་མཁས་པར་དངོས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་གནང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་རང་རྐྱ་འཕེལ་བའི་ཆེད་མཁས་པ་ ༥༠ ཙམ་གྱིས་ཧོང་ཀོང་དང་བོད། ཤིན་ཅང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་འབོད་སྐུལ་ཞུས་ཡོད་པ་དང་། ཐེངས་འདིའི་འབོད་སྐུལ་དེ་ནི་རྒྱལ་ཚོགས་དང་འབྲེལ་བའི་ཆེད་མཁས་པ་འབོར་ཆེན་ཞིག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ལྟ་ཞིབ་དགོས་པའི་འབོད་སྐུལ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཆེད་མཁས་པའི་འབོད་སྐུལ་དེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་བྱེད་དགོས་པ་དང་དམིགས་བསལ་ཧོང་ཀོང་མི་མང་གཙོས་པའི་བོད་དང་ཞིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་མང་པོ་ཞིག་ལ་དྲག་གནོན་ཐེབས་བཞིན་པར་ལྟ་རྟོག་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་མཉམ་འབྲེལ་ཐོག་ནས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ནང་ཁས་ལེན་བྱས་པ་ལྟར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དུ་འཇུག་དགོས་སྐོར་སོགས་བརྗོད་འདུག

ཡང་འབོད་སྐུལ་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ། རྒྱ་ནག་གཞུང་གིས་གསར་འགོད་པ་དང་སྨན་པ། དེ་བཞིན། མི་མང་བཅས་ཀྱིས་དྲ་ལམ་བརྒྱུད་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་གནས་ཚུལ་རྫུན་བསྒྲགས་དང་། སྤྱི་ཚོགས་ལྷིང་འཇགས་དཀྲུགས་པའི་ཉེས་ཆད་སོགས་བཅད་དེ། ཁོང་ཚོའི་སྨྲ་བརྗོད་རང་དབང་སོགས་ལ་བཀག་སྡོམ་ཤུགས་ཆེན་བྱས་ཡོད་སྐོར་བརྗོད་འདུག

རྒྱ་གར་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་རྒྱ་ནག་ནང་མགྲོན་འབོད་བྱེད་རྒྱུ་ཕར་ཞོག ཐ་ན་གཞུང་འབྲེལ་ཕྱོགས་སྐྱོད་གཅིག་ཀྱང་མངགས་གཏོང་བྱེད་པར་ངོས་ལེན་བྱེད་ཀྱི་མེད་པ་དང་། འདས་པའི་ལོ་ངོ་ ༡༠ རིང་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་ ༥ རྒྱ་ནག་ནང་ཕྱོགས་སྐྱོད་བྱེད་དུ་བཅུག་ཡོད་ཀྱང་བོད་ནང་མི་གཅིག་ཀྱང་བཏང་མེད་པར་བརྟེན། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་མགྲོན་འབོད་བྱས་ཏེ། ཡུལ་དངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་དུ་འཇུག་དགོས་པ་མ་ཟད། སྐབས་དེར་ཆེད་མཁས་མི་སྣར་ཐུག་འཕྲད་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་མི་མང་སོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༢༩

Leave a Reply