རྒྱ་ནག་གི་མཉེན་ཆས་ ༥༩ བཀག་སྡོམ་བྱས་ཏེ་ཁ་གཏད་གཅོག་གི་ཡོད་འདུག

རྒྱ་དཀར་ནག་བར་རྩོད་རྙོག་སྔར་ལས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་དང་བསྟུན་རྒྱ་གར་རྒྱལ་ཡོངས་ནང་མི་གྲངས་ས་ཡ་མང་པོས་སྤྱོད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ ༥༩ བཀག་སྡོམ་བྱེད་ཀྱི་འདུགཁ་སང་རྒྱ་གར་གྱི་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གིས། རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་གཅིག་གྱུར། བདེ་སྲུང་། རྒྱལ་ཁབ་དང་སྤྱི་དམངས་བདེ་འཇགས་བཅས་ལ་ཉེན་ཁ་ཡོད་སྐོར་བརྗོད་དེ། རྒྱ་གར་ནང་བཀོལ་ཤུགས་ཆེ་བའི་ཊིག་ཊོག་དང་། ཡུ་སི་འཚོལ་བཤེར་མ་ལག སྐད་འཕྲིན་ཚུད་པའི་རྒྱ་ནག་དང་འབྲེལ་བའི་ཁ་པར་གྱི་མཉེན་ཆས་ ༥༩ ནང་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་འདུག་ཀྱང་། དུས་ཡུན་ཅི་ཙམ་གྱི་ནང་བཀག་སྡོམ་བྱ་བ་ཡོངས་སུ་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན་མིན་སོགས་ཁ་གསལ་མི་འདུག

གློག་ཆས་དང་འཕྲུལ་རིག་ལྷན་ཁང་གི་བཀའ་ཁྱབ་དེའི་ནང་། འཕྲུལ་རིག་ལྷན་ཁང་ལ་ཁུངས་དུ་མ་ནས་ཀུ་ཤུ་ (IOS) དང་ཨན་ཌོར་ཌི་ (Android) ཁ་པར་གྱི་མཉེན་མཛོད་ནང་ཡོད་པའི་མཉེན་ཆས་འགའ་ཤས་ཀྱིས། ཁྲིམས་འགལ་གྱི་ཐོག་ནས་བཀོལ་སྤྱོད་པའི་གནས་ཚུལ་རྣམས་རྒྱ་གར་གྱི་ཕྱི་ལོགས་སུ་ཚུགས་པའི་server ནང་དབོར་འདྲེན་ནམ་བརྐུ་འཁྱེར་བྱེད་བཞིན་ཡོད་སྐོར་ཞུ་གཏུག་བྱེད་མཁན་བྱུང་། བརྐུ་འཁྱེར་བྱས་པའི་གནས་ཚུལ་དེ་དག་རྒྱལ་ཁབ་ཀྱི་བདེ་འཇགས་དང་བདེ་སྲུང་ལ་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད།  རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་གཅིག་གྱུར་ལའང་ཤུགས་རྐྱེན་ངན་པ་སྦྱིན་སྲིད་པས། དེར་ཛ་དྲག་གི་ཐག་གཅོད་བྱ་དགོས་པ་ཡིན། ཞེས་དང་།  ད་ལན་གྱི་ཐག་གཅོད་འདིས་རྒྱ་གར་ནང་ཁ་པར་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་བྱེ་བ་མང་པོའི་ཁེ་ཕན་སྲུང་སྐྱོབ་ཐུབ་ངེས་པ་དང་། འདི་ནི་རྒྱ་གར་གྱི་དྲ་ལམ་བདག་དབང་སྲུང་སྐྱོབ་ཆེད་དུ་ཡིན་སྐོར་བསྒྲགས་འདུག

འཕྲུལ་རིག་ལྷན་ཁང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ནས་བཟུང་རང་ཉིད་ཀྱི་ཁ་པར་ནང་བཀག་སྡོམ་བྱས་པའི་མཉེན་ཆས་དེ་དག་ཡོད་ཚེ་གསར་སྣོན་བྱེད་ཐབས་མེད་ཅིང་། དྲ་བའི་ཞབས་ཞུ་མཁོ་འདོན་བྱེད་མཁན་སྤྱི་གཉེར་ཁང་དག་ལ་མཉེན་ཆས་དེ་དག་ལ་དྲ་བ་སྤྱོད་རྒྱུ་འགོག་དགོས་པའི་བཀའ་བཏང་ཡོད་སྟབས། མི་འགྱང་བར་དྲ་བ་ངེས་པར་མཁོ་བའི་མཉེན་ཆས་དེ་དག་བཀོལ་སྤྱོད་མི་ཐུབ་པ་མ་ཟད། རྒྱ་གར་ནང་གི་ཨན་ཌོར་ཌི་དང་ཀུ་ཤུའི་མཉེན་མཛོད་གཉིས་ལ་མཉེན་ཆས་དེ་དག་ཕྱིར་ལེན་དགོས་པའི་བཀའ་བཏང་ཡོད་འདུག

རྒྱ་གར་གཞུང་གི་ཐག་གཅོད་འདི་ནི། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ལ་དྭགས་གྷལ་ཝན་ལུང་གཤོངས་ཀྱི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་ལག་འཛིང་བྱུང་སྟེ། རྒྱ་གར་གྱི་དམག་མི་ ༢༠ རྐྱེན་འདས་སོང་བར་ཡ་ལན་སྤྲད་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱེད་ཀྱིན་འདུག་ལ། ཐག་གཅོད་དེ་ནི་རྒྱ་གར་གྱི་རྒྱལ་ཡོངས་དྲ་ལམ་བདེ་འཇགས་འབྲེལ་མཐུན་ཁང་ (National Cyber Security Coordinator (NCSC)) གི་མོས་མཐུན་འོག རྒྱ་གར་གྱི་འཕྲུལ་རིག་ལྷན་ཁང་གི་ཁོངས་གཏོགས་རྒྱ་གར་གྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ (Indian Computer Emergency Response Team (CERT-In)) གིས་རྒྱ་གར་གྱི་འཕྲུལ་རིག་དོ་དམ་ཁྲིམས་ཡིག་དོན་ཚན་ ༦༩ ཀ་པ་ (Information Technology Act) གཞིར་བཟུང་ལག་བསྟར་བྱས་ཡོད་འདུག

ད་ཐེངས་བཀག་སྡོམ་བྱས་པའི་མཉེས་ཆས་ཁྲོད་ནས་ཕལ་ཆེ་བ་རྒྱ་ནག་རང་གིས་བཟོ་བསྐྲུན་བྱས་པའམ། ཡང་ན་ཕྱི་རྒྱལ་དུ་དེབ་འགོད་བྱས་ཡོད་ནའང་། མཉེས་ཆས་ཀྱི་མ་ལག་གཙོ་བོ་དེ་རྒྱ་ནག་ནང་ཚུགས་པའི་རིགས་ཡིན་འདུག རྒྱ་ནག་གི་བྷའེ་ཊི་ཌན་སི་ (Bytedance) ཞེས་པའི་འཕྲུལ་རིག་བཟོ་ཚོང་ཁང་གི་བརྙན་ཐུང་ཕབ་བསྐྲུན་དང་བརྒྱུད་སྤེལ་བྱེད་སའི་མཉེན་ཆས་ཊིག་ཊོག་ལྟ་བུར་མཚོན་ན། རྒྱ་གར་ནང་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༡༠༠ ལྷག་ཡོད་པ་དང་། གཞན་ཡང་ཧེ་ལོ་དང་ལའེ་ཀི་ལྟ་བུའི་བརྙན་ཐུང་ཕབ་སྐྲུན་བྱེད་སའི་ཁ་པར་མཉེན་ཆས་དེ་དག་ཀྱང་རྒྱ་གར་ནང་དར་ཁྱབ་ཆེ་བས། ད་ཐེངས་རྒྱ་གར་གཞུང་གི་ཐག་གཅོད་དེས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་དེ་དག་ལ་ཤུགས་རྐྱེན་གང་འཚམ་སྦྱིན་སྲིད་སྐོར་བརྗོད་ཡོད་འདུག

གནད་དོན་དབྱེ་ཞིབ་པ་འགས་རྒྱ་གར་གྱིས་རྒྱ་ནག་ལ་རྒོལ་ལན་གྱི་ཚུལ་དུ། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱ་རྒྱུར་བཀག་སྡོམ་བྱས་ཚེ། དེས་འཛམ་གླིང་ཚོང་དོན་ལྷན་ཚོགས་ (World Trade Organization) ནང་རྒྱ་གར་ལ་དཀའ་ངལ་ཞིག་འཕྲད་སྲིད་པ་མ་ཟད། རྒྱ་ནག་ལས་རྒྱ་གར་ལ་དོ་ཕོག་ཆེ་བ་སྦྱིན་སྲིད་པ་ཞིག་ཡིན་པ་དང་། རྒྱ་གར་གྱིས་འཕྲུལ་རིག་ཚན་པའི་ཐོག་བཀག་སྡོམ་བྱས་པ་དེ་ནི་ནུས་པ་ལྡན་པ་དང་འོས་འཚམ་ཞིག་ཡིན་པ་མ་ཟད། དེས་རྒྱ་ནག་ལ་གནོན་ཤུགས་གང་འཚམ་སྦྱིན་སྲིད་སྐོར་འགྲེལ་བརྗོད་བྱེད་བཞིན་འདུག ཡང་དབྱེ་ཞིབ་པ་འགས་ད་ཐེངས་ཀྱི་བཀག་སྡོམ་དེ་གནས་སྐབས་ཙམ་ཞིག་གི་ཆེད་དུ་ཡིན་སྲིད་པའང་བརྗོད་ཀྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༣༠

Leave a Reply