ཡང་རྒྱ་ནག་ནང་ཕག་ནད་གསར་པ་ཞིག་བསླེབས་འདུག

ཚན་རིག་པ་ཚོས་ཕག་ནད་གསར་པ་དེར་ཡིད་གཟབ་དང་སྔོན་འགོག་རྗེས་འདེད་མ་བྱས་ན་ཏོག་ནད་ལྟར་རྒྱ་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན། རྒྱ་ནག་གི་ཚན་རིག་པ་ཚོས་ཨ་རིའི་(US science journal)ཚན་རིག་དུས་དེབ་སྟེང་བཀོད་པའི་ཉམས་ཞིབ་གྲུབ་དོན་ལྟར་ན། རྒྱ་ནག་ནང་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་ཕག་ནད་རིགས་གསར་པ་ཞིག་བསླེབས་ཡོད་པ་དང་། ཚན་རིག་པ་ཚོས་འགོས་ནད་དེ་ཏོག་དབྱིབས་རིམས་ནད་ལྟར་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་སྟབས། ཕག་ནད་གསར་པ་དེར་ཡིད་གཟབ་དང་། འགོས་ཁྱབ་མི་འགྲོ་བར་སྔོན་ཚུད་ནས་གྲ་སྒྲིག་དང་རྗེས་འདེད་གཏོང་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

གནད་དོན་དེའི་ཐད་ཉམས་ཞིབ་གྲུབ་དོན་ནང་། འགོས་ནད་དེའི་མིང་ལ་(G4 EA H1N1)ཞེས་གཏགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་བྱུང་བའི་ཕག་ནད་ཀྱི་རིགས་ལས་མཆེད་པར་ངོས་འཛིན་ཐུབ་ཡོད་ཀྱང་། ཕག་ནད་གསར་པ་དེར་དེ་སྔོན་དང་མི་འདྲ་བའི་འགྱུར་བ་ཁག་ཅིག་སོང་ཡོད་པ་དང་། འགོས་ནད་དེ་ཕག་པ་ནས་མི་ལ་འགོས་ཁྱབ་འགྲོ་བཞིན་ཡོད་པ་མངོན་གསལ་ཡིན་ན་ཡང་། མི་ནས་མི་ལ་འགོས་མིན་ཐད་ད་དུང་བདེན་དཔང་མངོན་གསལ་བྱུང་མེད་པ་དང་། འགོས་ཚད་ཧ་ཅང་མྱུར་བོ་དང་སླ་བོ་ཡིན་སྟབས་འཛམ་གླིང་ཡོངས་སུ་རྒྱ་ཁྱབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་ལ་ཆེད་གཉེར་ཉམས་ཞིབ་བྱེད་མཁན་དབྱིན་ཡུལ་ནི་ཊན་ཧམ་(Nottingham University)གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁཱན་ཆའོ་ཁྲིང(Kin-Chow Chang)གིས། ད་ལྟའི་ཆར་འཛམ་གླིང་ཡོངས་སུ་ཏོག་ནད་དཀའ་ངལ་ལ་དོ་སྣང་བྱེད་བཞིན་ཡོད་ཀྱང་། ཐེངས་འདིའི་ཕག་ནད་གསར་པ་དེ་ཁྱབ་གདལ་ཆེན་པོ་འགྲོ་གཞིའི་ཉེན་ཁ་ཡོད་པ་དང་། ཕག་ནད་གསར་པ་དེ་ད་ལྟ་ཛ་དྲག་རང་བཞིན་ཆགས་མེད་ན་ཡང་། ང་ཚོས་ནད་ཡམས་གསར་པ་འདིར་རྗེས་འདེད་དང་ཡིད་གཟབ་དགོས་པ་དང་། ལྷོད་ཡངས་རྩ་ནས་གཏོང་རྒྱུ་མེད་སྐོར་སོགས་ཀྱི་ཉེན་བརྡ་བཏང་འདུག

ཕག་ནད་གསར་པ་དེ་ད་ལྟའི་ཆར་རྒྱ་ནག་གི་ས་ཆ་གང་ཞིག་ནས་འགོས་ཁྱབ་འགྲོ་བཞིན་ཡོད་མེད་དང་། འགོས་ནད་དེ་བྱུང་ནས་དུས་ཡུན་ག་ཚོད་འགྲོ་བཞིན་ཡོད་མེད།། མི་ག་ཚོད་ལ་འགོས་ཡོད་མེད་སོགས་རྒྱ་ནག་གཞུང་ནས་ཕྱིར་བསྒྲགས་བྱེད་བཅུག་གི་མེད་ཀྱང་། ཕག་གསོ་ར་བའི་ལས་གཉེར་བར་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན། འགོས་ནད་དེའི་ཁྱབ་ཚད་ཕག་གསོ་ར་བའི་ལས་གཉེར་བ་བརྒྱ་ཆ་ ༡༠།༤ དང་། མང་ཚོགས་རང་བཞིན་ནང་བརྒྱ་ཆ་ ༤།༤ ལྷག་ཁྱབ་གདལ་ཕྱིན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱ་ནག་ནི་འཛམ་གླིང་གི་ཕག་ཤ་དང་བྱ་ཤའི་ཁྲོམ་ར་ཆེ་ཤོས་ཡིན་པ་ལྟར། ཕག་དང་བྱ་གསོ་ར་བ་འབོར་ཆེན་ཡོད་སྟབས་རྒྱ་ནག་ནང་ལོ་རེ་བཞིན་བསྟུན་མར་ཕག་ནད་དང་བྱ་ནད་རིམ་པར་འབྱུང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་བྱུང་བའི་(swine flu)ཕག་ནད་རྒྱ་ནག་གི་མི་གྲངས་ ༡༢༠།༩༤༠ ལྷག་ལ་བྱུང་ཡོད་པ་དང་། གཞུང་འབྲེལ་ངོས་ནས་འགོས་ནད་དེས་རྒྱ་ནག་གི་མི་གྲངས་ ༧༣༧ འདས་གྲོངས་སུ་སོང་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་སྐབས་དེར་ཡང་རྒྱ་ནག་གིས་འདས་གྲོངས་སུ་སོང་བའི་ཁ་གྲངས་སྦས་གསང་བྱས་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༢ པ་ནས་བཟུང་རྒྱ་ནག་གཞུས་གིས་ཕག་ནད་ཐད་དོ་ནན་དང་མྱུར་སྐྱོབ་བྱས་པར་བརྟེན། རིམས་ནད་ཁྱབ་ཚད་ཆུང་དུ་འགྲོ་བཞིན་ཡོད་པ་དང་། རིམས་ནད་དེའི་བརྒྱ་ཆའི་ ༩༠ བཀག་ཡོད་སྐོར་བརྗོད་ཡོད་ཀྱང་། ཕག་ནད་དང་བྱ་ནད་རིགས་མུ་མཐུད་ཁྱབ་གདལ་འགྲོ་བཞིན་ཡོད་པ་རེད།

དེ་བཞིན་འདི་ལོའི་ལོ་མགོ་ནས་རྒྱ་ནག་ནང་འཛམ་གླིང་ཡོངས་ལ་རྒྱ་ཁྱབ་ཏུ་ཕྱིན་པའི་ཏོག་དབྱིབས་རིམས་ནད་བསླེབས་པ་དང་བསྟུན། ཕྱི་ཟླ་ ༢ ནང་རྒྱ་ནག་སི་ཁྲོན་ཞིང་ཆེན་ནང་བྱ་ནད་བྱུང་སྟེ་བྱ་དེ་ ༡༨༠༠ ལྷག་ཤི་བ་དང་བྱ་ ༢༥༠༠ ལྷག་སྡེབ་གསོད་བྱེད་དགོས་ཁེལ་ཡོད་པ་དང་། ཕྱི་ཟླ་ ༣ པའི་ནང་རྒྱ་ནག་ཡུན་ནན་ཞིང་ཆེན་ནང་ཧན་ཊ་ནད་ཡམས་(Hantavirus)ཞེས་པའི་འགོས་ནད་ཐོན་ཡོད་པ་དང་། ཕྱི་ཟླ་ ༢ ཕྱི་ཚེས་ ༡༠ བར་རྒྱ་ནག་ནང་གློ་བའི་འགོས་ནད་གསར་པ་ཞིག་ཁྱབ་གདལ་དུ་ཕྱིན་ཏེ། ཉུང་མཐར་ནད་པ་གྲངས་ ༡༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། ཉིན་གཅིག་ལ་ཉུང་མཐར་མི་གྲངས་ ༡༠༨ གྲོངས་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་ལྷོ་ཕྱོགས་ཀང་ཏུང་ཞིང་ཆེན་ནང་བྱ་ནད་བྱུང་སྟེ་མི་ ༢༤ ལ་ནད་འབུ་དེ་འགོས་ནས་མི་ ༧ འདས་གྲོངས་སུ་ཕྱིན་ཡོད་པ་དང་། གཞན་ཕྱི་ལོ་ ༢༠༡༣ ལོར་བྱ་ནད་(H5N9)ལོར་རྒྱ་ནག་ནང་བྱུང་སྟེ་མི་མང་པོར་འགོས་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རིམ་གྱིས་ནད་འབུ་དེ་ལྷོ་ཀོ་རི་ཡ་དང་ཧྥི་ལི་པིན། ཧོང་ཀོང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་བཅས་དེང་སང་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་ཁྱབ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༣༠

Leave a Reply