ཧོང་ཀོང་གི་ཁྲིམས་གསར་གཏན་འབེབ་བྱས་པར་ཀེ་རི་ལམ་གྱིས་དགའ་བསུ་བྱས།

རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་བསམ་ཚུལ་ཡ་མེད་བཏང་སྟེ་ཁྲིམས་གསར་གཏན་འབེབ་བྱས་ཡོད་པས་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པས་རྩ་དགོངས་ཞུས།ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་༡༦༢ ཀྱིས།  འདི་ལོའི་རྒྱ་ནག་མི་མང་སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བཏོན་པའི་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་ཟེར་བ་དེ་དངོས་སུ་གཏན་འབེབ་བྱས་ཏེ། སང་ཉིན་ནས་ལག་བསྟར་བྱ་འཆར་ཡོད་པ་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་ཇཱོ་ཧྲ་ཝང་(Joshua Wong)དང་ན་ཐན་ལཱའོ་( Nathan Law)། དེ་བཞིན། ཇཱི་ཧྥི་རེ་(Jeffrey Ngo)དང་ཨ་ནེ་སི་ཆའོ་(Agnes Chow)བཅས་ཀྱིས་དམངས་གཙོ་ཚོགས་པ་(Demosisto)ཚོགས་ཁོངས་ནས་རྩ་དགོངས་ཞུས་པ་ཡོངས་བསྒྲགས་གནང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཧོང་ཀོང་གི་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པ་ཚོས་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལམ་ལགས་སུ་ཁྲིམས་གསར་གཏན་འབེབས་བྱུང་བ་བརྒྱུད་ཧོང་ཀོང་ནང་འགྱུར་བ་ག་རེ་འབྱུང་སྲིད་སྐོར་སོགས་དྲིས་སྐབས་མོས། ད་ལྟ་ངས་བཤད་ཐུབ་པ་ནི་ཁྲིམས་གསར་གཏན་འབེབ་བྱུང་བ་རེད། ང་དང་ངའི་ལས་ཁུངས་ངོས་ནས་དམིགས་བསལ་ཁྲིམས་གསར་འདི་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྐོར་སོགས་དྲི་བ་ཁག་ལ་ལན་གང་ཐུབ་རྒྱག་ཐབས་བྱེད་ཆོག  འོན་ཀྱང་། ངས་ད་ལྟ་ནས་ཁྲིམས་གསར་སྐོར་གྱི་དྲི་བར་ལན་འདེབས་བྱས་ན་ཏག་ཏག་བསྡད་ཀྱི་མེད། ཅེས་ལན་འདེབས་བྱེད་དོན་ཡོད་ཀྱང་ལན་བརྒྱབ་ན་འགྲིག་གི་མེད་ཚུལ་བརྗོད་ཡོད་འདུག

གཞན་ཡང་། དེ་རིང་ཉིན་རྒྱབ་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལམ་གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནང་གཏམ་བཤད་སྤེལ་སྐབས།  ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཧོང་ཧོང་དམིགས་བསལ་འཛིན་སྐྱོང་ཁུལ་དུ་ཁྲིམས་གསར་འདི་གཏན་འབེབ་བྱུང་བར་དགའ་བསུ་ཞུ་ཡི་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ནི་རྒྱ་ནག་གཞུང་གི་ཁྲིམས་ལུགས་གཞིར་བཞག་རྒྱ་ནག་དབུས་པའི་མགོ་འཁྲིད་ཚོས་བཟོས་པ་ཞིག་ཡིན། ང་ཚོའི་ལུང་པའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ནི་དབུས་གཞུང་ལ་རག་ལས་ཡོད། ཧོང་ཀོང་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་མ་ཟད། རྒྱ་ནག་དབུས་གཞུང་འོག ཧོང་ཀོང་ནི་ཚད་མཐོའི་རང་སྲིད་རང་སྐྱོང་ལྡན་པའི་དམིགས་བསལ་འཛིན་སྐྱོང་ས་ཁུལ་ཞིག་ཆགས་བསྡད་ཡོད། ཅེས་བརྗོད་ཡོད་པ་རེད།

ཡང་མོས་ཧོང་ཀོང་ནང་བདེ་འཇགས་མིན་པའི་དོན་རྐྱེན་བསྟུད་མར་འབྱུང་གི་ཡོད་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དགོས་སྐོར་ལ་མོས། ཧོང་ཀོང་མི་མང་ས་ཡ་ ༧ དང་ཕྱེད་ཀ་ཙམ་མ་ཟད། རྒྱ་ནག་མི་མང་ཐེར་འབུམ་ ༡།༤ ཡི་བདེ་འཇགས་སླད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད། འདས་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་ཧོང་ཀོང་ནང་དྲག་སྤྱོད་ཀྱི་སྟོབས་ཤུགས་འོག་ཟིང་འཁྲུག་བསླངས་ཏེ། ཧོང་ཀོང་མི་མང་བདེ་འཇགས་མེད་པའི་འཇིགས་སྐུལ་ཀྱི་བྱ་སྤྱོད་སྤེལ་ཡོད། འཛམ་གླིང་སྟེང་གི་ཆེས་བདེ་འཇགས་ཀྱི་གྲོང་ཁྱེར་ཞིག་ལ་བདེ་འཇགས་མེད་པའི་དཀའ་ངལ་འཕྲད་ཡོད། ཅེས་སོགས་བརྗོད་འདུགརྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། དེ་རིང་སྔ་དྲོ་རྒྱ་ནག་གི་ཆུ་ཚོད་ ༩ སྟེང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ༡༦༢ འཛོམས་ཏེ། དུས་ཡུན་སྐར་མ ༡༥ ནང་ཚུད་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་པར་མ་གྲོས་བསམ་པ་གཅིག་མཐུན་ཐོག་གཏན་འབེབ་བྱུང་ཡོད་སྐོར་བཀོད་འདུག་ལ། ད་ལྟ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་དེའི་ནང་དོན་ཞིབ་གསལ་ཕྱིར་བསྒྲགས་བྱས་མེད་ཀྱང་། ཧོང་ཀོང་གི་རང་དབང་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་སྔར་ལས་དམ་དྲག་བཙན་གནོན་བྱ་རྒྱུ་ཡིན་པ་དེ་ཐེ་ཚོམ་མེད་པ་ཞིག་ཏུ་གྱུར་ཡོད་པ་དང་། ཁྲིམས་གསར་གཏན་འབེབ་བྱུང་བ་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ཉེན་ཁའི་གནས་སུ་ལྷུང་ཡོད་པ་མ་ཟད། སྔར་གྱི་ལས་འགུལ་ཁག་ལ་སྣེ་ཁྲིད་དང་མཉམ་ཞུགས་བྱས་རྐྱེན་འཛིན་བཟུང་ཉེས་ཆད་འགེལ་སྲིད་སྐོར་ཡང་གླེང་སློང་བྱེད་ཀྱི་འདུག

ཁྲིམས་གསར་གཏན་འབེབ་བྱུང་བའི་ཐད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། དེ་རིང་ནས་བཟུང་རྒྱ་ནག་གཞུང་ལ་ཧོང་ཀོང་ནང་སོ་སོའི་གང་འདོད་ལྟར་ཁྲིམས་བཟོ་ཆོག་པའི་དབང་ཆ་ཐོབ་པ་རེད། ཅེས་དང་། དོན་དངོས་ཐོག་རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་ལ་སྐད་ཆ་གང་ཡང་མ་དྲིས་པར་ཁྲིམས་འདི་བཟོས་ཡོད་པས། དེའི་ཐོག་ནས་ཁོ་ཚོའི་དམིགས་ཡུལ་མང་པོ་ཞིག་བཤད་ཡོང་གི་ཡོད། ཁོ་ཚོའི་དམིགས་ཡུལ་ནི་ད་ནས་ཧོང་ཀོང་འཇིགས་སྣང་འོག་ནས་དབང་སྒྱུར་བྱ་རྒྱུ་དེ་རེད། ཅེས་བརྗོད་འདུག

ཐའེ་ཝན་གཞུང་གིས། ཁྲིམས་གསར་འདིས་ཧོང་ཀོང་གི་སྤྱི་ཚོགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན། བརྟན་ལྷིང་སོགས་ལ་གནོད་ཀྱི་ཡོད། ཅེས་བརྗོད་པ་དང་དང་སྦྲགས། ཐའེ་ཝན་མི་མང་ཧོང་ཀོང་ནང་འགྲོ་རྒྱུར་ཡིད་གཟབ་ཉེན་བརྡའང་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཁྲིམས་གསར་དེ་བཏོན་རྗེས། ཨ་རི་དང་དབྱིན་ཡུལ། ཐའེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་འཐུས་མིས་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ཝན་ཧོལ་ལིན་ (Chris Van Hollen) ལགས་ཀྱིས། ཧོང་ཀོང་གི་ཁྲིམས་གསར་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་གྱི་མི་སྒེར་དང་ཚོགས་སྡེ་གང་རུང་ནས་ཧོང་ཀོང་རང་སྲིད་རང་སྐྱོང་གི་གནས་བབ་ལ་འགྱུར་བཅོས་བཏང་ཚེ་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བླངས་ཏེ། རྒྱ་ནག་གཞུང་ནས་ཁྲིམས་གསར་གཏན་འབེབ་མཚམས་འཇོག་ཡོང་ཐབས་གནང་ཡོད་ཀྱང་མངོན་གསལ་གྱི་གྲུབ་འབྲས་ཐོན་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༣༠

Leave a Reply