རྒྱ་དཀར་ནག་གི་རྩོད་རྙོག་སེལ་བར་བོད་དོན་གླེང་སློང་དགོས།

སྲིད་སྐྱོང་མཆོག་ནས་རྒྱ་དཀར་ནག་བར་གྲོས་མོལ་རིམ་པ་བྱུང་བའི་ཁྲོད་ནས་ད་ལན་རྒྱ་གར་གཞུང་གིས་རྒྱ་ནག་ལ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གླེང་སློང་དགོས་སྐོར་གསུངས་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་གི་དཀའ་ངལ་སེལ་ཐབས་ཀྱི་གྲོས་མོལ་གནང་སྐབས། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ཡིན་པས་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་བར་བོད་དོན་སེལ་རྒྱུ་གལ་ཆེན་ཆགས་ཡོད་སྟབས། རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག

རྒྱ་གར་གྱི་(Week)གསར་ཁང་གིས་དེའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་། སྲིད་སྐྱོང་མཆོག་གིས་བོད་ནི་རྒྱ་གར་དང་རྒྱ་ནག་གཉིས་ལ་གཅིག་མཚུངས་ཀྱི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་དཀར་ནག་གཉིས་བར་གྲོས་མོལ་རིམ་པ་ཞིག་བྱུང་བའི་ཁྲོད། ད་རེས་རྒྱ་གར་གཞུང་གིས་བོད་ཧིན་ས་མཚམས་ཀྱི་དཀའ་ངལ་གཞིར་བཞག་ཐོག རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་ཙམ་མ་ཟད་བོད་དོན་བདེན་མཐའ་གསལ་དགོས་པའི་འབོད་སྐུལ་སོགས་ཞུས་གནང་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཕྱི་ཟླ་༦ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་རང་རྐྱ་འཕེལ་བའི་ཆེད་མཁས་པ་ ༥༠ ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་དང་། ཧོང་ཀོང་། དེ་བཞིན། ཤར་ཏུར་ཀི་སི་ཐན་གཙོས་པའི་རྒྱ་ནག་ནང་གི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐོག་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བར། བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་མེད་པར་བརྟེན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་དམིགས་བསལ་ཚོགས་འདུ་བསྐོངས་ཏེ་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

ཡང་སྲིད་སྐྱོང་མཆོག་གིས། འདས་པའི་ལོ་ངོ་ ༦༠ ལྷག་རིང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ལ་བརྩི་སྲུང་མེད་པར་བོད་མི་རྣམས་ལ་མནར་གཅོད་དང་བཙོན་འཇུག་བྱས་ཏེ་གར་སོང་ཆ་མེད་དུ་བཏང་བ། དེ་བཞིན་བོད་ཀྱི་རིག་གཞུང་གི་ལྟེ་གནས་དགོན་སྡེ་མང་པོ་གཏོར་བཤིག་དང་གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་འཕུད་བཏང་ཡོད་པའི་སྐོར་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་བར་རྒྱ་ནག་གཞུང་ལ་འགན་ཡོད་པ་ཞིག་བྱེད་དུ་འཇུག་དགོས་པ་དང་། རྒྱ་ནག་དམར་ཤོག་གཞུང་ནི་འཛམ་གླིང་ཞི་བདེ་དང་རྒྱལ་སྲུང་ལའང་ཉེན་ཁ་ཆེན་པོ་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༡

Leave a Reply

One thought on “རྒྱ་དཀར་ནག་གི་རྩོད་རྙོག་སེལ་བར་བོད་དོན་གླེང་སློང་དགོས།

  1. བསོད་ནམས་རྒྱལ་མཚན།

    ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག ་་་་་ འབོད་སྐུལ་གནང་དགོས་ཡ་གང་ཡང་མ་མཐོང་། དགོས་པ་ཡང་མེད། དཀའ་རྙོག་དེ་བོད་ཐོག་ལ་ཡིན་པ་ཧ་གོ་བཞིན་དུ་རྩིས་མེད་རེད། འདི་དང་ སྔ་སྟོད་ ལ་དྭགས་པ་ PT ཕུན་ཚོགས་སྟོབ་ལྡན་གསུངས་པ་དེ་རེད། ནང་གིས་མེ་དེ་རྒྱ་གར་བྱེད། དུ་བ་དེ་ ཕུན་ཚོགས་སྟོབ་ལྡན་ཁ་ནས་དོན་པ་རེད། ༡༩༥༤ ལོར་ ནོར་འཁྲུལ་ མགོ་ལོག་དེ་ རྒྱ་གར་ཁོ་རང་ཚོས་རྩིས། ད་དུང་བོད་པ་རྒྱ་གར་ཕྱོགས་ལ་རྒྱབ་སྐྱོར་དང་ལག་པ་ཕྱི་ས་འབོད་སྐུལ་དེ་སྒུག་སྡད་ཡོད། འབོད་སྐུལ་དེ་ལ་ལྟས་ན་ བློ་བཟང་སེང་གེ་ རྒྱ་གར་གཞུང་གིས་མགྲིན་ཚབ་པ་ཡིན་པ་མཐོང་། Hello INDIA 🇮🇳 Silence is Violence. Real Violence is India རེད། But History Is Never Death. Tibet Enthusiasm is Power Than Indo-China’s Troops. ཞི་མི་དཀར་ནག་གཉིས་ཙི་ཙི་ཁ་ལ་འཐེབ་ན་མཐར་པ་བཏང་རྒྱུ་དཀའ་ལས་ཁག་མོ།