བལ་ཡུལ་སྲིད་བློན་གྱིས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན།

ཁ་སང་ཕྱི་ཚེས་ ༣༠ ཉིན། བལ་ཡུལ་གྱི་མཐོ་རིམ་དཔོན་རིགས་ཁག་གིས་སྲིད་བློན་ཤར་མ་ཨོ་ལི་ (KP Sharma Oli) ཡིས་སྲིད་བློན་དང་དམར་ཤོག་གཞུང་འཛིན་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་འདུགའདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་གཏམ་བཤད་ཞིག་གི་སྐབས་སྲིད་བློན་ཤར་མ་ཨོ་ལི་ཡིས། ལྡི་ལི་ཡིས་བལ་ཡུལ་གཞུང་གི་རྩོད་རྙོག་ཅན་གྱི་ས་མཚམས་དང་འབྲེལ་བའི་ས་ཁྲའི་ཐག་གཅོད་ཐད་ཁ་གཏད་ཀྱི་བྱ་འགུལ་སྣ་མང་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཁོང་སྲིད་བློན་གྱི་ལས་གནས་ནས་གནས་དབྱུང་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་དང་། བྱ་འགུལ་དེའི་ཁྲོད་བལ་ཡུལ་གྱི་མགོ་ཁྲིད་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་སྐོར་བརྗོད་ཡོད་པར་བརྟེན། ཕྱོགས་འགལ་ཚོགས་པ་དང་ཁོང་གི་སྣེ་ཁྲིད་པའི་གཞུང་འཛིན་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཁོང་ལ་སྐྱོན་བརྗོད་དང་། སྐད་ཆ་དེར་བདེན་དཔང་དགོས་པ། དེ་བཞིན་སྲིད་བློན་དང་ཆབ་སྲིད་ཚོགས་པའི་ལས་གནས་གཉིས་ནས་རྩ་དགོངས་ཞུ་དགོས་སྐོར་བརྗོད་ཡོད་འདུག

སྲིད་བློན་ཤར་མ་ཨོ་ལི་ཡི་སྐད་ཆ་དེར་བརྟེན་ནས་ཁ་སང་ཕྱི་ཚེས་ ༣༠ ཉིན་སྲིད་བློན་གྱི་བཞུགས་གནས་ (Baluwatar) རུ་བལ་ཡུལ་རྒྱལ་ཡོངས་དམར་ཤོགས་ཚོགས་པའི་རྒྱུན་ལས་ཀྱི་ཚོགས་འདུ་ཞིག་ཚོགས་ཏེ། གནད་དོན་དེའི་ཐད་གྲོས་བསྡུར་བྱས་ཡོད་འདུག་ལ། ཤར་མ་ཨོ་ལི་ཡིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་མིན་ཐད་སྐད་ཆ་ཤུགས་ཆེན་བྱུང་ཡོད་འདུག སྐབས་དེར་རྒྱལ་ཡོངས་དམར་ཤོག་ཚོགས་པའི་མཉམ་འབྲེལ་ཚོགས་གཙོ་ (Pushpa Kamal Dahal) དང་ཚོགས་གཙོ་གཞོན་པ་ (Bamdev Gautam)། རྒྱལ་ཡོངས་དམར་ཤོག་ཚོགས་པའི་ཚོགས་གཙོ་ཟུར་པ་ (Jhalanath Khanal) སོགས་མཐོ་རིམ་དཔོན་ཁག་ཅིག་གིས། སྲིད་བློན་ཤར་མ་ཨོ་ལི་ཡིས་ད་ལྟའི་གཞུང་འཛིན་དང་དམར་ཤོག་ཚོགས་པའི་ནང་ཁོང་གིས་འཇོན་ནུས་འདོན་ཐུབ་མེད་པས་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་འདུག

ད་ལྟའི་ཆར་ཆབ་སྲིད་ཚོགས་པའི་ནང་ཁུལ་དུའང་ཕྱོགས་འགལ་ཡོང་གི་ཡོད་པ་མ་ཟད། ཁོང་གི་ལོ་གསུམ་གྱི་མགོ་ཁྲིད་རིང་རང་ཉིད་ཀྱི་འདོད་དོན་ཁོ་ན་བསྒྲུབས་ཡོད་པ་དང་། སྲིད་བྱུས་དང་ལས་གཞི་ལེགས་པོ་གང་ཡང་སྤེལ་ཐུབ་མེད་པ། དམར་ཤོག་ཚོགས་པའི་དགོས་དམིགས་ལྟར་སྤྱི་ཚོགས་རིང་ལུགས་ལ་སྣང་མེད་བྱས་ཏེ་མ་རྩ་རིང་ལུགས་ལ་ཕྱོགས་ཡོད་སྐོར་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

རྒྱལ་ཡོངས་དམར་ཤོག་ཚོགས་པའི་ཚོགས་གཙོ་ཟུར་པ་ (Jhalanath Khanal) གྱིས། དེ་རིང་གི་ཚོགས་འདུའི་སྐབས་མགོ་ཁྲིད་མང་ཤོས་ཀྱིས་སྲིད་བློན་ཤར་མ་ཨོ་ལི་ཡིས་སྲིད་བློན་དང་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་དགོས་པར་རྒྱབ་སྐྱོར་བྱས་སོང་། ཞེས་བརྗོད་འདུག་པ་དང་།  ཡང་ཧི་མ་ལ་ཡའི་དུས་བབ་ལ་མིང་མ་བརྗོད་པའི་རྒྱུན་ལས་གྱི་ཚོགས་མི་གཞན་ཞིག་གིས། དེ་རིང་གི་ཚོགས་འདུའི་སྐབས་མགོ་ཁྲིད་ཚོའི་སྐད་ཆའི་སྙིང་དོན་ནི་གལ་སྲིད་སྲིད་བློན་ཤར་མ་ཨོ་ལི་ཡིས་རྒྱ་གར་ལ་དེ་ལྟར་རྒྱབ་འགལ་བྱས་ཚེ། ཁོས་རྒྱ་གར་དང་མཉམ་དུ་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ལ་གནད་དོན་ཆེ་རུ་གཏོང་བཞིན་ཡོད་པ་དེ་རེད། ཅེས་བརྗོད་འདུག

གནས་ཚུལ་དབྱེ་ཞིབ་པས་ཕྱོགས་གཉིས་ཀྱི་རྩོད་རྙོག་ཅན་གྱི་ས་མཚམས་དང་འབྲེལ་ནས་རྒྱ་གར་ཕྱོགས་སུ་མཁྲེགས་པོའི་སྲིད་བྱུས་བཟུང་བར་བརྟེན། གཞུང་འཛིན་ཆབ་སྲིད་ཚོགས་པ་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པ་གཉིས་ཀྱི་ནང་ལྟ་ཚུལ་མ་འདྲ་བ་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་བར་ཐག་ལ་སྤྱི་ལེ་ ༡༨༨ ཙམ་ཡོད་པ་དང་། ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་བརྒྱ་ཆའི་ ༩༨ གཏན་འབེབ་བྱུང་ཟིན་ནའང་། འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་དབུས་གཞུང་གིས་ས་ཁྲ་གསར་པ་ཞིག་བཟོས་ཏེ། རྒྱ་གར་གྱི་ཨུ་ཊ་ར་ཁན་ཌི་མངའ་སྡེའི་ (Uttarakhand) ཁུལ་དུ་འཁེལ་བའི་ (Lipulekh) དང་ (Kalapani) (Limpiyadhura) བཅས་གསུམ་རྒྱ་གར་གྱི་ས་ཁྲའི་ནང་བཅུག་པར་བརྟེན། བལ་ཡུལ་གཞུང་ཕྱོགས་ནས་རང་ཉིད་ཀྱི་ས་ཁོངས་ཏིལ་འབྲུ་ཙམ་ཡང་རྒྱལ་ཁབ་གཞན་ལ་བདག་བཟུང་བྱེད་དུ་འཇུག་རྒྱུ་མིན་པ་དང་། རྒྱ་གར་ས་ཁུལ་དེ་ནས་ཕྱིར་ཐོན་བྱེད་དགོས་སྐོར་གྱི་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་བར་གྱི་དམག་འཁྲུག་བྱུང་རྗེས་ནས་ད་བར་རྩོད་རྙོག་ཆེ་ཤོས་ཡིན་པའི་ཀཱ་ལཱ་པ་ཎི་ས་ཁུལ་དེ་རྒྱ་གར་དབུས་གཞུང་གི་འཕགས་བོད་ས་མཚམས་དྲག་ཆས་ཉེན་རྟོག་པས་ (Indo-Tibetan Border Police) དོ་དམ་བྱེད་མུས་ཡིན་པ་རེད།

ཉེ་ཆར་རྒྱ་དཀར་ནག་གཉིས་བར་བོད་ཧིན་ས་མཚམས་དང་འབྲེལ་རྩོད་རྙོག་བྱུང་བ་དང་བསྟུན། བལ་ཡུལ་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་བྱང་ཕྱོགས་གོར་ཁ་རྫོང་(Gorkha District) རུའེ་གྲོང་རྡལ་ (Rui Village) ནང་སིམ་འཛུལ་བྱས་ཏེ། བལ་ཡུལ་གཞུང་གིས་ས་མཚམས་སུ་བཙུགས་པའི་ཀ་བ་རྣམས་བཀོག་པ་མ་ཟད། རླངས་འཁོར་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། བལ་ཡུལ་གཞུང་གིས་ཁུ་སིམ་སིམ་ངང་ཟུར་འཇོག་བྱེད་བཞིན་པའི་གནས་ཚུལ་ཞིག་བལ་ཡུལ་གྱི་ཞིང་ལས་བློན་ཆེན་ལྷན་ཁང་གི་ཉེ་བའི་སྙན་ཐོ་ཞིག་གི་ནང་ཐོན་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་སྟབས། ཕྱི་ཟླ་ ༦ པའི་མཇུག་ཙམ་ལ་བློན་ཆེན་ལྷན་ཁང་གིས་གནས་ཚུལ་དེ་རྫུན་མ་ཡིན་པ་བསྒྲགས་ཡོད་པ་དང་། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཕི་ར་ཌེབ་ཀུ་མར་རྒྱ་ཝ་ལེ་ (Pradeep Kumar Gyawali) ཡིས་ཀྱང་གྲོས་ཚོགས་ར་བའི་ནང་། རྒྱ་ནག་དང་བལ་ཡུལ་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་མེད་པ་དང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་རྗེས་གོར་ཁ་རྫོང་རུའེ་གྲོང་སྡེ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བཅུག་ཡོད་པ་དང་། ཁུལ་དེའི་མི་རྣམས་ལ་གོར་ཁ་རྫོང་གིས་སྤྲད་པའི་ས་ཞིང་བདག་དབང་གི་ཡིག་ཆ་ཡོད་ནའང་། ཡུལ་མི་ཚོར་དཀའ་ངལ་ཅི་ཡང་མེད་སྟབས། རྒྱ་ནག་གཞུང་གིས་གོར་ཁ་རྫོང་དུ་བཙན་འཛུལ་བྱས་མེད་སྐོར་དང་། ཡིག་ཆ་རྫུན་བཟོ་བྱེད་མཁན་ལ་ཉེས་ཆད་ལྕི་མོ་གཅོད་ངེས་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་གར་གྱི་ (The statesman) གསར་ཁང་གནས་ཚུལ་ནང་། གཞན་ཡང་། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་རྫོག་ཁག་ ༤ ཡི་ས་ཁུལ་ཁག་ ༡༡ གི་ས་ཁྱོན་ཧེ་ཀར་ ༣༦ ཙམ་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་ཡོད་པ་དང་། དེའི་ཐད་བལ་ཡུལ་གཞུང་གིས་ཚིག་གཅིག་ཀྱང་བཤད་ཐུབ་ཀྱི་མེད་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༠༡

Leave a Reply