དེ་རིང་ནས་བཟུང་ང་ཚོས་ཤེས་པའི་ཧོང་ཀོང་ཤི་ཟིན་པ་ཡིན། 

རྒྱ་ནག་གཞུང་གིས་དེ་རིང་ནས་ཧོང་ཀོང་ནང་ཁྲིམས་གསར་ལག་བསྟར་བྱེད་ཀྱི་ཡོད་པས་འཛམ་གླིང་རྒྱལ་ཁབ་མང་པོ་མཉམ་འབྲེལ་ཐོག་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས།ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་གཏན་འབེབ་བྱས་ཡོད་པ་ལྟར། ཧོང་ཀོང་སྲིད་གཞུང་གིས་མདང་དགོང་མཚན་གུང་ཙམ་ལ་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱས་པ་ཡོངས་བསྒྲགས་བྱས་ཏེ། དེ་རིང་དབྱིན་ཡུལ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༣ འཁོར་བའི་དུས་དྲན་དང་བསྟུན་བདེ་འཇགས་ཁྲིམས་གསར་ཟེར་བ་དེ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་མ་ཟད། ནམ་རྒྱུན་ཧོང་ཀོང་གི་ཞི་རྒོལ་ལས་འགུལ་སྤེལ་ཡུལ་(Causeway Bay)ས་འོག་མེ་འཁོར་འབབ་ཚིགས་སུ་ཉེན་རྟོག་པ་ ༤༠༠༠ འགྲེམས་འཇོག་བྱས་ཏེ་སྒོ་བརྒྱབ་ཡོད་པ་དང་། སྲང་ལམ་གཞན་ཕལ་ཆེ་བར་ཉེན་རྟོག་པ་འགྲེམས་འཇོག་གིས་འགོག་སྲུང་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། དེ་རིང་ཉིན་དང་པོར་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨན་ཌོར་ཝན་(Andrew Wan)ལགས་སོགས་ཉུང་མཐར་ཞི་རྒོལ་བ་ ༡༨༠ འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་མི་ ༧ བདེ་འཇགས་ཀྱི་ཁྲིམས་གསར་དང་འགལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་འདུག 

 དེ་རིང་དམིགས་བསལ་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ལོ་ངོ་ ༢༣ འཁོར་བའི་དུས་དྲན་དང་བསྟུན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་རང་བཙན་འཐབ་རྩོད་པ་མང་པོ་ཞིག་གིས་ཧོང་ཀོང་རང་བཙན་གྱི་རྒྱལ་དར་དང་ཨ་རིའི་རྒྱལ་དར་སོགས་འཕྱར་ཏེ་སྲང་ལམ་དུ་ཐོན་སྐབས། ཧོང་ཀོང་ཉེན་རྟོག་པས་མི་མང་ཐོག་མིག་ཆུའི་དུག་རླངས་གཡུགས་ཏེ་འདུ་འཛོམས་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། མིང་མི་གསལ་བའི་ཧོང་ཀོང་རང་བཙན་གྱི་རྒྱལ་དར་བཟུང་བའི་མི་གཅིག་ཐོག་མར་འཛིན་བཟུང་བྱས་ཏེ། ཧོང་ཀོང་རང་བཙན་གྱི་རྒྱལ་དར་བཟུང་བའི་མི་དེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་འོག་འཛིན་བཟུང་བྱས་པའི་མི་ཐོག་མ་དེ་ཆགས་ཡོད་སྐོར་བསྒྲགས་ཡོད་འདུགཁྲིམས་གསར་ལག་བསྟར་བྱེད་བཞིན་པའི་རྣམ་པ་གསར་པ་ཞིག་ནི། ཧོང་ཀོང་ཉེན་རྟོག་པའི་ལག་ཏུ་འཕྲེད་དར་གསར་པ་ཞིག་བཟུང་ཡོད་པའི་ནང་། འདི་ནི་ཉེན་རྟོག་པས་ཁྱེད་ལ་ཉེན་བརྡ་གཏོང་གི་ཡོད། ཁྱེད་ཀྱིས་རྒྱལ་དར་དང་འཕྲེད་དར་འཕྱར་ནས་སྐད་འབོད་རྒྱག་པ་དང་། ཡང་ན་ཁྱེད་རང་རྒྱལ་ཁབ་མགོ་རྟིང་སློག་པ་དང་ཁ་བྲལ་གྱི་ལས་འགུལ་ནང་ཞུགས་ཀྱི་ཡོད་པས། དེ་ནི་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་གྱི་ཡོད། ཅེས་དང་། ཁྱེད་རང་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་གཅོད་སྲིད་པ་རེད། ཅེས་སོགས་བཀོད་ཡོད་པ་དང་། ཉེན་རྟོག་པས་ཧོང་ཀོང་རང་བཙན་དང་བཅིངས་གྲོལ། དེ་བཞིན། གསར་བརྗེ་སོགས་དང་འབྲེལ་བའི་འཕྲེད་དར་དང་དར་ཆ། སྐད་འབོད་སོགས་ནི་ཁྲིམས་འགལ་ཡིན་སྐོར་བརྗོད་ཡོད་འདུགརྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་དང་འབྲེལ་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་ལ་ལོ་ངོ་ ༥༠ རིང་ལ་རང་དབང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟ་ལོ་ངོ་ ༢༣ ཁོ་ན་མ་གཏོགས་སྤྲད་མེད་པ་རེད། ཅེས་སྐྱོན་བརྗོད་གནང་ཡོད་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ཁྲིམས་གསར་དེས་རྒྱ་ནག་རང་གིས་ཁས་ལེན་བྱས་པའི་ཧོང་ཀོང་གི་རང་དབང་ཁག་ཅིག་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།

ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༣ ཉིན་དབྱིན་ཡུལ་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཕྱིར་འཐེན་མ་བྱས་ཚེ། ཧོང་ཀོང་མི་མང་ས་ཡ་ ༣ མ་ཟིན་ཙམ་ལ་དབྱིན་ཡུལ་མི་སེར་གྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། དེ་རིང་དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་ཌོ་མི་ནེག་རཱབ་(Dominic Raab)ལགས་ཀྱིས་དབྱིན་ཡུལ་གྱི་ཆུ་ཚོད་ ༡༢ སྟེང་དབྱིན་ཡུལ་གྲོས་ཚོགས་ནང་ཧོང་ཀོང་མི་མང་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་དབྱིན་ཡུལ་མི་སེར་གྱི་ཐོབ་ཐང་སྤྲོད་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་འདུག རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། ཐེངས་འདིའི་བདེ་འཇགས་ཁྲིམས་གསར་ཟེར་བ་དེ་ཧོང་ཀོང་ནང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པར་ཨ་རི་དང་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་མཉམ་འབྲེལ་གྱི་ཐོག་ནས་ཁྲིམས་གསར་གྱི་གནད་དོན་འདི་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་བྱས་ཏེ་རྒྱ་ནག་ལ་བརྡ་ལན་སློག་འཆར་ཡོད་སྐོར་བཀོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་སྐུ་ཚབ་ཚོགས་པའི་ཚོགས་གཙོ་(Reinhard Buetikofer)ལགས་ཀྱིས། ང་ཚོས་ཤེས་པའི་ཧོང་ཀོང་ནི་ད་ལྟ་ཤི་ཟིན་པ་རེད། ཅེས་དང་། ཡུ་རོབ་མཐུན་ཚོགས་དང་དེའི་ཁོངས་གཏོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་མཚམས་འཇོག་ཐབས་ཀྱི་ཁྲིམས་འཆར་ཁག་ལག་བསྟར་བྱེད་དགོས་པ་དང་རྒྱ་ནག་གཞུང་རྒྱལ་སྤྱིའི་དྲང་བདེན་གྱི་ཁྲིམས་ཁང་དུ་བསྐྱལ་དགོས་ཡོད། ཅེས་ནན་བརྗོད་བྱས་ཡོད་འདུགདེ་རིང་ཧོང་ཀོང་དང་ཨོ་མན་ནང་གི་རྒྱ་ནག་ལས་དོན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཞི་མིན་(Zhang Xiaming)ཟེར་བས། ཕྱིའི་རྒྱལ་ཁབ་ཁག་ལ་བདེ་འཇགས་ཀྱི་ཁྲིམས་གསར་དེ་དང་འབྲེལ་བ་གང་ཡང་མེད། ང་ཚོ་རྒྱ་ནག་མི་མང་ལ་མི་སུ་གཅིག་གིས་ཀྱང་ཞེད་སྣང་སྐུལ་མི་ཐུབ། ཅེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་ལ་ལན་འདེབས་བྱས་ཡོད་པ་དང་། ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལམ་གྱིས། ཕྱི་ལོ་ ༢༠༡༩ ནས་ཧོང་ཀོང་ནང་ཟིང་འཁྲུག་བྱུང་བ་དང་ཁྲིམས་གསར་པའི་འོག་ཧོང་ཀོང་གི་བདེ་འཇགས་སླར་གསོ་བྱེད་ཀྱི་ཡོད་པས། ཁྲིམས་གསར་པ་ནི་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་བར་གྱི་འབྲེལ་ལམ་གལ་ཆེ་ཤོས་དེ་ཡིན། ཞེས་བརྗོད་ཡོད་པ་རེད།

བྷི་བྷི་སི་གསར་ཁང་ལྟར་ན། བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བའི་འོག རྒྱ་ནག་གཞུང་གིས་ཁ་བྲལ་དང་འཇིགས་སྐུལ། དེ་བཞིན། སྲིད་དབང་མགོ་རྟིང་སློག་རྩིས་བྱས་པ་དང་། ཕྱི་མིར་འབྲེལ་འདྲིས་སོགས་ཀྱི་ལས་འགུལ་རིགས་སྤེལ་ཚེ། ཆེས་ཉུང་མཐར་ཉེས་ཆད་བཙོན་འཇུག་ལོ་ ༣ ནས་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་འཆར་ཡོད་པ་དང་། དམངས་གཙོ་དང་རང་དབང་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་བ་རྣམས་ནི་ཁྲིམས་གསར་གྱི་དམིགས་འབེན་ལྟེ་བ་སྟེ། ཁྲིམས་གསར་པའི་འོག་ལས་འགུལ་བ་ཞིག་གིས་སྤྱི་དམངས་ཀྱི་འགྲིམ་འགྲུལ་མཁོ་ཆས་རིགས་ཤིག་ལ་གཏོར་སྐྱོན་གཏང་ཚེ་འཇིགས་སྐུལ་བའི་ཉེས་མིང་ཡོད་འདུག་ལ། ཁྲིམས་གསར་འོག་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྩ་ཁྲིམས་ལ་གང་ཡང་བསྟུན་མི་དགོས་པར་ཧོང་ཀོང་ནང་སོ་སོའི་དམག་མི་དང་བཅས་པའི་བདེ་སྲུང་ལས་ཁུངས་གསར་པ་ཞིག་འཛུགས་རྒྱུ་ཡིན་པ་དང་། ཧོང་ཀོང་ནང་གི་ཁྲིམས་འགལ་གྱི་རིགས་ལ་རྒྱ་ནག་ནང་ཉེས་ཆད་གཅོད་ཆོག་གི་ཡོད་པ་སོགས་བཟོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༡

Leave a Reply