ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་རང་སྐྱོང་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་།

རྒྱ་ནག་དང་དབྱིན་ཡུལ་གྱི་མཉམ་འབྲེལ་བསྒྲགས་གཏམ་གྱི་འབྲུ་དོན་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གཞུང་གི་དཔོན་རིགས་དང་ཕྱིའི་ཚོགས་སྡེ་མི་སྒེར་སོགས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཧོང་ཀོང་རང་སྐྱོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གཏན་འབེབ་ཀྱིས་དངོས་སུ་ལག་བསྟར་བྱས་པ་དང་བསྟུན། དེ་རིང་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་ (The Hong Kong Autonomy Act) དེ་ཉིད་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབ་བྱས་ཏེ། ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་བའི་ཐོག་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་གི་མགོ་འཁྲིད་དང་ཚོང་གཉེར་གྱི་དངུལ་ཁང་རྣམས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་འཆར་ཡོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་པེ་ལོ་སི་མཆོག་གིས། ཨ་རིའི་ཁྲིམས་འཆར་འདི་ནི་རྒྱ་ནག་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་དེར་ཛ་དྲག་གིས་བརྡ་ལན་སྤྲོད་ཐབས་ཤིག་ཡིན་པ་དང་། རྒྱ་ནག་གི་ཁྲིམས་ཡིག་དེས་དགོས་པ་གཙོ་བོ་ནི་ཧོང་ཀོང་ནང་གི་དམངས་གཙོའི་རང་དབང་གཏོར་བརླག་གཏོང་ཆེད་ཡིན་སྐོར་གསུངས་འདུག་ལ། དེ་བཞིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེའོ་མཆོག་གིས་ཀྱང་། རྒྱ་ནག་གི་བདེ་འཇགས་ཁྲིམས་ཡིག་དེས་འཛམ་གླིང་གི་རྒྱལ་ཁབ་ཀུན་ལ་དོ་ཕོག་གཏོང་གི་ཡོད་ཅིང་། ཨ་རིའི་ངོས་ནས་སྲིད་འཛིན་ཊོམ་ཕུ་མཆོག་གི་ལམ་སྟོན་གཞིར་བཟུང་ཧོང་ཀོང་གི་དམིགས་བསལ་རྒྱལ་སྤྱིའི་ཚོང་འབྲེལ་གནས་བབ་མཚམས་འཇོག་མུ་མཐུད་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཧོང་ཀོང་རང་སྐྱོང་གི་ཁྲིམས་དེ་ཉིད་ཐོག་མར་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཏོན་ཏེ། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཁྲིམས་འཆར་དེའི་དགོངས་དོན་གཞིར་བཟུང་། ཨ་རིའི་འཛིན་སྐྱོང་ལྷན་ཁང་ངོས་ནས་ཕྱིའི་ཚོགས་སྡེ་དང་མི་སྒེར་སུ་རུང་གིས་རྒྱ་ནག་ལ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་སམ། ཡང་ན་དབྱིན་ཡུལ་དང་ལྷན་དུ་བཞག་པའི་མཉམ་འབྲེལ་བསྒྲགས་གཏམ་གྱི་དགོངས་དོན་དང་འགལ་བའི་བྱ་འགུལ་སྤེལ་བར་མཐུན་འགྱུར་བྱེད་པ་དང་། ཡང་ན་རྒྱ་ནག་གི་མགོ་འཁྲིད་དེ་ཚོའི་མཉམ་དུ་ཚོང་འབྲེལ་གཉེར་བ་སོགས་བྱས་ཚེ། མི་སྒེར་རྣམས་ཀྱི་ཨ་རིར་ཡོད་པའི་ས་ཁང་གཞུང་བཞེས་བྱ་རྒྱུ་མ་ཟད། ཨ་རིའི་འགྲོ་འོང་གི་ཐོངས་མཆན་ཕྱིར་བསྡུ་བྱེད་དགོས་ཀྱི་ཡོད་འདུག དེ་བཞིན་དངུལ་ཁང་གི་མཚོན་པའི་ཚོགས་སྡེ་སྒྲིག་འཛུགས་ཁག་ལ་ཨ་རིའི་དངུལ་ཁང་ནས་བུན་གཡར་བྱ་མི་ཆོག་པ་བཟོ་རྒྱུའི་ཉེས་ཆད་གཅོད་དགོས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིས་དངོས་སུ་ཧོང་ཀོང་གི་དམིགས་བསལ་རྒྱལ་སྤྱིའི་ཚོང་འབྲེལ་གནས་བབ་མཚམས་འཇོག་གིས། ཧོང་ཀོང་ལ་ཚད་མཐོའི་འཕྲུལ་རིག་ཡོ་བྱད་དང་རྒྱལ་སྲུང་གོ་མཚོན་རིགས་ཕྱིར་འདྲེན་བྱ་རྒྱུ་བཀག་ཡོད་པ་རེད། དེ་བཞིན་འདས་ལོའི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བའི་ཆེད། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་བྱས་ཡོད་པ་རེད།

ཁེ་ཉིན་ཕྱི་ཚེས་ ༣༠ ཉིན་ཧོང་ཀོང་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གཙོས་རྒྱལ་སྤྱིའི་ཚོགས་སྡེ་དང་། ཨོ་གླིང་ཚུད་པའི་ནུབ་གླིང་གི་དམངས་གཙོའི་རྒྱལ་ཁབ་མི་ཉུང་བས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་ཅིང་། ཁ་སང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བས་གྲོང་ཁྱེར་ལྟེ་བའི་རྒྱ་ལམ་ཐོག་ཁྲིམས་ཡིག་གསར་པ་དེར་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་སྐབས། ཉེན་རྟོག་པས་ལས་འགུལ་བའི་ཐོག་མིག་ཆུའི་དུག་རླངས་གཏོར་བ་མ་ཟད། བདེ་འཇགས་ཁྲིམས་ཡིག་གསར་པའི་འོག་ནས་ཧོང་ཀོང་རང་བཙན་གྱི་འཕྲེད་དར་འཕྱར་མཁན་གྱི་ན་གཞོན་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཁྲིམས་གསར་ལག་བསྟར་གྱི་ཉིན་དང་པོར་ལས་འགུལ་བ་ཁྱོན་ ༣༧༠ ལྷག་འཛིན་བཟུང་བྱས་ཡོད་འདུག ད་ལན་གྱི་བདེ་འཇགས་ཁྲིམས་ཡིག་དེ་ལག་བསྟར་བྱས་པ་དང་བསྟུན། དབྱིན་ཡུལ་གྱིས་ཧོང་ཀོང་གི་མི་སེར་ས་ཡ་ ༣ ཙམ་ལ་དབྱིན་ཡུལ་དུ་གནས་སྡོད་ཆོག་རྒྱུའི་ཡིག་ཆ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་ལ། ཨོ་གླིང་གཞུང་ནས་ཀྱང་དེ་ལྟ་བུའི་ཐབས་བྱུས་ཤིག་འཐེན་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༠༢

Leave a Reply