རྒྱ་ནག་ནང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཚང་མ་བཀག

རྒྱ་ནག་གཞུང་གིས་རྒྱ་ནག་ནང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཚང་མ་འགོག་གི་ཡོད་པས་རྒྱ་གར་ཚགས་ཤོག་ལས་ཁུངས་ཀྱི་འགན་འཛིན་ནས་རྒྱ་གར་ནང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཆ་ཚང་འགོག་དགོས་པ་མ་ཟད་གསར་ལམ་མ་འཛུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་ ༦ ཚེས་ ༢༩ ཉིན་རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་རིགས་ ༥༩ བཀག་སྡོམ་གྱི་ཡོངས་ཁྱབ་གསལ་བསྒྲགས་བྱས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ལ་རྒོལ་ལན་བསློགས་ཏེ། རྒྱ་ནག་ནང་རྒྱ་གར་གྱི་ཚགས་ཤོག་དང་གསར་འགྱུར་བརྒྱུད་ལམ་ཁག་ཚང་མ་བཀག་སྡོམ་བྱས་ཡོད་འདུག

རྒྱ་གར་ཚགས་ཤོག་ལས་ཁུངས་ཀྱི་འགན་འཛིན་(Shailesh Gupta)ལགས་ཀྱིས། རྒྱ་ནག་གཞུང་གིས་ཉེན་བརྡ་ཙམ་ཡང་མེད་པར་རྒྱ་གར་གྱི་ཚགས་ཤོག་དང་གསར་འགྱུར་ལས་རིགས་ཀྱི་དྲ་རྒྱ་ཚང་མ་བཀག་སྡོམ་བྱས་འདུག་པ་མ་ཟད། རྒྱ་ནག་གིས་འཕྲུལ་རིག་རང་བཞིན་གྱི་ཚད་མཐོའི་མེ་འགོག་གྱང་(firewall)བཀོལ་སྤྱད་ཀྱིས་ཝི་པེ་ཨན་(VPN)དྲ་གནས་མ་ལག་བརྒྱུད་གསར་འགྱུར་རིགས་ལྟ་ཐུབ་རྒྱུའང་བཀག་འགོག་བྱས་འདུག ཅེས་བརྗོད་ཡོད་པ་དང་། རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་རིགས་བཀག་འགོག་མ་བྱས་སྔོན་གཞུང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་ལ་སྔོན་བརྡ་བཏང་ཁུལ་བྱས་ཡོད་པ་རེད།

རྒྱ་གར་ཚགས་ཤོག་ལས་ཁུངས་ཀྱིས། རྒྱ་གར་གཞུང་ནས་མགྱོགས་མྱུར་རྒྱ་ནག་གི་གསར་འགྱུར་རིགས་ཀྱི་དྲ་རྒྱའི་བརྒྱུད་ལམ་ཁག་ཚང་མ་བཀག་འགོག་བྱས་ཏེ། རྒྱ་རིགས་ཚོས་རྒྱ་གར་གྱི་གསར་ཁང་ཁག་ཏུ་མཉམ་འབྲེལ་མ་དངུལ་བཙུགས་ཡོད་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་། ད་ལྟ་རྒྱ་གར་ནང་བཀག་སྡོམ་བྱས་པའི་རྒྱ་ནག་གི་མཉེན་ཆས་རྣམས་ཝི་པེ་ཨན་(VPN)དྲ་གནས་མ་ལག་བརྒྱུད་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་རེད།

ཉེ་སྔོན་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གཉིས་བར་དམག་གི་གདོང་ཐུག་བྱུང་བ་དང་། ད་རེས་ཚོང་ལས་དང་འབྲེལ་བའི་དྲ་རྒྱའི་མ་ལག་རིགས་བཀག་འགོག་བྱེད་རེས་ཀྱི་འཐབ་འཁྲུག་ཅིག་བྱུང་གི་ཡོད་པ་ནི་རྒྱལ་ཁབ་གཉིས་བར་དངུལ་ཁུག་འཐབ་རྩོད་བྱེད་བཞིན་པ་ཞིག་ཆགས་ཡོད་ལ། ད་ལྟ་རྒྱ་གར་གཞུང་གིས་དེ་སྔོན་ཡོངས་ཁྱབ་ཏུ་བསྒྲགས་པའི་རྒྱ་ནག་གི་མཉེན་ཆས་རིགས་ཀུ་ཤུ་རྟགས་ཅན་གྱི་མཉེན་མཛོད་དང་(Andriod )མཉེན་མཛོད་ནང་བཀག་སྡོམ་བྱས་ཏེ། ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ཕབ་ལེན་བྱས་ཟིན་པའི་མཉེན་ཆས་ཁག་ཅིག་རྦད་དེ་བེད་མེད་དང་ཁག་ཅིག་རིམ་བཞིན་བེད་མེད་དུ་གཏོང་གི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༢

Leave a Reply