བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

བོད་མིའི་སྒྲིག་འཛུགས་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱ་བསྟན་འཛིན་ཆོས་འཕེལ་ལགས་གཉིས་ལ་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་གནང་གཏན་འཁེལ་འདུག

ཁ་སང་ཕྱི་ཚེས་ ༢ ཉིན། བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༩ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་དེ། སྲི་ཞུའི་ཞབས་ལོ་ ༢༠ ལྷག་འགྲོ་བཞིན་པའི་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་དང་། ཞབས་ལོ་ ༡༥ ཙམ་འགྲོ་བཞིན་པ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱ་བསྟན་འཛིན་ཆོས་འཕེལ་ལགས་གཉིས་སུ་གནང་གཏན་འཁེལ་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་ཁོང་གཉིས་ཀྱི་ལས་དོན་གྲུབ་འབྲས་དང་ལོ་རྒྱུས་བཀོད་པ་ལྟར་ན། ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༣ ནས་བོད་མིའི་སྒྲིག་འཛུགས་གཞུང་ཞབས་ཁོངས་སུ་སྡེ་ཚན་འགན་འཛིན་གནས་རིམ་འོག་འཛུལ་ཞུགས་ཀྱིས་དབུས་འོས་བསྡུ་ལས་ཁང་དུ་ལས་འགན་བཀོད་སྒྲིག་དང་། ཕྱི་ལོ་ ༢༠༠༠ ཟླ་ ༨ པའི་ནང་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༡ ནས་ཚོགས་དྲུང་ལས་ཁུངས་སུ་ཟུང་དྲུང་གནས་རིམ་ཐོག་གནས་སྤོས་ཀྱིས་དྲུང་འཕར་གནས་རིམ་གྱི་ལས་འགན་ཐོག་ལས་གཉེར་གནང་ཡོད་འདུག

གྲོས་ཚོགས་ཚོགས་དུས་ ༧ པའི་སྐབས་སུ་ཚོགས་དྲུང་ལས་ཚབ་ཀྱི་ལས་འགན་ཡང་འཐུས་ཤོར་མེད་པ་ཞུས་ཡོད་པ་དང་།  ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་ལཊ་ཝི་ཡའི་རྒྱལ་ས་རཱི་གྷར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པའི་སྐབས་སུ་དོ་བདག་ནས་ལས་དོན་འགན་ཁུར་ཞུ་སྒོ་ཁག་འཐུས་ཚང་ཞུས་པར་འབྲེལ་ལས་ཚང་མས་བསྔགས་བརྗོད་གནང་ཡོད་མ་ཟད། ཕྱི་ལོ་ ༢༠༡༩ ལོར་དམིགས་བསལ་ཚོགས་ཆེན་ཐེངས་ ༣ པར་གྲ་སྒྲིག་དང་། ཚོགས་ཆེན་གྲུབ་རྗེས་ཚོགས་ཆེན་གྱི་གྲོས་ཆོད་དང་ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་སྒྲིག་སོགས་ལས་དོན་ཧུར་ཐག་གིས་ཞུས་པ་སོགས། མདོར་ན་སྲི་ཞུའི་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱས་པ་ནས་བཟུང་ད་བར་འབྲེལ་ཡོད་གོང་རིམ་ནས་ལས་དོན་བཀོད་མངགས་ཇི་ཕེབས་ལྷག་བསམ་གཡོལ་བ་མེད་པས་བསྒྲུབས་ཡོད་པས། ཕྱི་ལོ་ ༢༠༡༩ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་ཕུལ་བ་ཡིན་སྐོར་བཀོད་འདུག

དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱ་བསྟན་འཛིན་ཆོས་འཕེལ་ལགས་ནི་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༩ ནས་སྲི་ཞུའི་ལས་བྱེད་ཁོངས་སུ་འཛུལ་ཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་ཆུ་དང་གཙང་འཕྲོད་ཀྱི་ལས་འགན་འཁུར་ཡོད་པ་དང་། ཁོང་གིས་ལས་དོན་འཁུར་རིང་དུས་ནས་དུས་སུ་ཆུ་མཛོད་ལ་ལྟ་རྟོག་ཞིབ་ཚགས་བྱེད་བཞིན་པར་བརྟེན། གངས་སྐྱིད་ལས་ཤག་ནང་གནས་སྡོད་ལས་བྱེད་རྣམས་ལ་འཐུང་ཆུའི་དཀའ་ངལ་དེ་ཙམ་འཕྲད་མེད་པ་མ་ཟད། སྦུབས་དོང་ནང་ཆུ་ཤུགས་ཆུང་དུ་སོང་བ་སོགས་ཀྱི་སྐབས་བཟོ་བཅོས་ཆེད་ཤིང་ནགས་བརྒྱུད་རི་རྩེར་འགྲོ་སྐྱོད་དགོས་པའི་གནས་སྟངས་ལ་གདོང་ལེན་གྱིས་སྦུབས་དོང་གཙང་བཟོ་དང་། ཆུ་མཛོད་བཟོ་བཅོས་སོགས་ལས་དོན་ཞིབ་ཚགས་གནང་ཡོད་འདུག

གནས་ཚུལ་ནང་ཁོང་ནི་རང་དོན་བློས་གཏོང་གིས་སྤྱི་པའི་ལས་དོན་ཞུ་སྒོ་མཐའ་དག་ཉིན་མཚན་ལྟོས་མེད་དུ་འབད་སྒྲུབ་བྱེད་མཁན་ཞིག་དང་། འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ནས་དུས་ནས་དུས་སུ་ལས་དོན་འཕར་མ་བཀོད་མངགས་ཇི་ཕེབས་བརྩི་སྲུང་དྭང་ལེན་གྱིས་ཧུར་སྐྱེད་གནང་མཁན་ཞིག་དང་། ལས་ཁུངས་དང་ལས་ཤག་གཡས་གཡོན་རྣམས་སྔ་དྲོ་རྒྱ་གར་ཉིན་གླ་པས་གཙང་བཟོ་བྱེད་སྐབས་ལྟ་རྟོག་འགན་ཁུར་བྱེད་ཕྱོགས་ཐད་ལ་ཚང་མས་འདོད་བློ་ཁེངས་ཐུབ་བྱུང་བ་སོགས། སྲི་ཞུ་བ་རང་འཁྲིའི་ལས་འགན་རྣམས་གང་ལེགས་བྱེད་མཁན་དང་རྒྱུན་དུ་བསམ་བློའི་བབས་བཟང་ཕྱོགས་འཛིན་མཁན་ཞིག་ཡིན་པར་ངོས་འཛིན་ར་འཕྲོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་རྟགས་ཀྱི་དམིགས་ཡུལ་ལྟར་ཁོང་གིས་ལས་དོན་བསྒྲུབས་ཡོད་པས། ཕྱི་ལོ་ ༢༠༡༩ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་ཁོང་ལ་ཕུལ་བ་ཡིན་སྐོར་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༣

Leave a Reply