ལྷ་སའི་ཇོ་ཁང་སྒོ་ཕྱེས།

ཟླ་ངོ་དྲུག་ཙམ་གྱི་རྗེས་ནས་བོད་ཀྱི་རིག་དངོས་ཀྱི་བང་མཛོད་ལྟ་བུར་གྱུར་བའི་ཇོ་ཁང་ཆེན་མོ་ཁ་སང་ཕྱི་ཚེས་ ༢ ཉིན་ནས་བཟུང་སྒོ་ཕྱེས་ཡོད་འདུགརྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཁང་གི་གནས་ཚུལ་ལྟར་ན། ཏོག་དབྱིབས་ནད་ཡམས་ལ་བརྟེན་ཟླ་ ༥ ལྷག་གི་རིང་ལྷ་སའི་ཇོ་ཁང་གི་སྒོ་བརྒྱབ་ཡོད་པ་དང་། བསྐྱར་དུ་སྒོ་ཕྱེ་བའི་རིང་ཏོག་ནད་སྔོན་འགོག་དང་སྟངས་འཛིན་ཆེད། མཇལ་སྒོར་བ་ཚོས་ཁ་རས་གྱོན་པ་དང་། ཕན་ཚུན་བར་རྒྱང་ཐག་འཛིན་པ། རང་ཉིད་ཀྱི་དཔང་རྟགས་ལག་ཁྱེར་འཛིན་པ་བཅས་ངེས་པར་དུ་བྱེད་དགོས་པ་དང་། ལྷ་སའི་ཕྱི་ནས་ཡོང་བའི་མཇལ་སྐོར་བ་ཚོས་ངེས་པར་དུ་ཁ་པར་ནང་རང་ཉིད་བདེ་ཐང་ཡིན་པའི་བཤེར་རིས་སྤྱོད་དགོས་ཀྱི་ཡོད་པ་སོགས་བཀོད་འདུག

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཟེར་བས་ཕྱི་ཟླ་ ༣ ཚེས་ ༣༡ ནས་ལྷ་ས་གྲོང་ཁྱེར་དང་ཐག་རིང་གི་དགོན་པ་དང་ལྷ་ཁང་གྲངས་ ༢༤༡ ཙམ་སྒོ་ཕྱེ་རྒྱུ་ཡིན་པ་བསྒྲགས་ཡོད་ནའང་། ཕྱི་ཟླ་ ༤ ཚེས་ ༡༤ དང་ ༡༥ སོ་སོར་བོད་ལྷོ་ཁ་ཁུལ་དུ་ཆགས་པའི་བསམ་ཡས་དགོན་པ་དང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་གཡའ་བཟང་དགོན་པ་གཉིས་ནད་ཡམས་འགོག་བཅོས་ཀྱི་ལས་ཀའི་དགོས་མཁོར་དམིགས་པ་ཡིན་ཚུལ་གྱི་ཛ་དྲག་ངང་བསྒྲགས་ཏེ་སྒོ་བརྒྱབ་ཡོད་པ་རེད།

དེ་བཞིན་ཟླ་ཤས་རིང་ལྷ་ས་གྲོང་ཁྱེར་ནང་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ། ཕྱི་ཟླ་ ༤ ཚེས་ ༢༨ ཉིན་ལྷ་སའི་བར་སྐོར་གླིང་སྒོ་འབྱེད་སྐབས། རྒྱ་ནག་གཞུང་གིས་ཇོ་ཁང་གི་མདུན་དུ་རྒྱ་ལུགས་ཀྱི་ཁང་པ་ཆེན་པོ་གཉིས་འཛུགས་བསྐྲུན་བྱས་ཡོད་པ་དང་། དེའི་ཐད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས། དེ་ནི་ཇོ་ཁང་མདུན་གྱི་བོན་ཞང་རྡོ་རིང་དང་རྡོ་རིང་གཞན་ཡོད་པ་དག་སྲུང་སྐྱོབ་ཆེད་ཆར་ཁེབས་ལྟ་བུར་འཛུགས་བསྐྲུན་བྱས་པ་ཡིན་སྐོར་བརྗོད་སྲིད་ནའང་། བོད་ལུགས་ཀྱི་ཁྱད་ཆོས་ཅུང་ཙམ་ལས་མེད་པའི་ཁང་པ་དེ་གཉིས་ཀྱི་གནའ་བོའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཇོ་ཁང་གི་མདུན་ངོས་ཡོངས་སུ་བཀག་ཡོད་པ་དང་། དགོས་པ་མེད་པའི་ཁང་པ་དེ་གཉིས་ཨུ་ཚུགས་ཀྱིས་དེར་འཛུགས་བསྐྲུན་བྱེད་པ་ནི་ཡང་དང་བསྐྱར་དུ་དྲིལ་བསྒྲགས་བྱེད་བཞིན་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེ་ར་སྤྲོད་བྱེད་ཆེད་ཡིན་པའི་དོགས་སློང་བྱས་ཡོད་པ་རེད།རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་ནད་ཡམས་ཁྱབ་རྗེས། བོད་ཀྱི་རིག་དངོས་ཀྱི་བང་མཛོད་ལྟ་བུར་གྱུར་བའི་ཕོ་བྲང་པོ་ཏ་དང་གཙུག་ལག་ཁང་། གདན་ས་སེ་འབྲས་དགེ་གསུམ་བཅས་བོད་ཀྱི་དགོན་སྡེ་རྣམས་འདི་ལོའི་ཕྱི་ཟླ་༡ ཚེས་༢༧ ཙམ་ནས་བཟུང་སྒོ་བརྒྱབ་ཡོད་ཀྱང་། ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༣ ནས་ཕོ་བྲང་པོ་ཏ་ལ་སྒོ་ཕྱེས་ཡོད་པ་དང་། སྐབས་དེར་ཡུལ་སྐོར་བ་སོགས་ཁ་རས་མ་གྱོན་པའི་མི་ཚོགས་ཀྱི་འཚང་ཁ་ཆེན་པོ་བྱུང་བར་བརྟེན། རྒྱལ་ས་ལྷ་སར་ནད་ཡམས་བསྐྱར་དུ་མཆེད་ཉེན་ཡོད་པའི་སེམས་འཚབ་བྱེད་མཁན་མང་པོ་བྱུང་སོང་།

འདས་ལོའི་ལོ་མཇུག་ཙམ་ལ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་མཆེད་རྗེས། ཉིན་ལྟར་ནད་པའི་གྲངས་བསྟུད་མར་འཕར་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༤ ནང་ཙམ་ལ་རྒྱ་ནག་ནང་ཏོག་ནད་ཕོག་པའི་ནད་པ་གྲངས་ཁྲི་ ༨ ལྷག་དང་རྐྱེན་འདས་སུ་ཕྱིན་པའི་གྲངས་སྟོང་ ༥ མ་ཟིན་ཙམ་དང་། ཕྱི་ཟླ་ ༥ ཚེས་ ༡ ཉིན་རྒྱལ་ཡོངས་སུ་ནད་པ་གསར་པ་གཅིག་ཀྱང་བྱུང་མེད་པ་བཀོད་ཡོད་ནའང་། ཕྱིས་སུ་རྒྱ་ནག་གི་ཧེ་ལོང་ཅང་ཞིང་ཆེན་ (Heilongjiang) དང་རྒྱལ་ས་པེ་ཅིན་ནང་སླར་ཡང་ཐོག་དབྱིབས་ནད་རྟགས་ཅན་དང་ནད་རྟགས་མེད་པའི་ནད་པའི་གྲངས་ཡར་འཕར་ཏེ། ནད་ཡམས་ཀྱི་རྦ་རླབས་གསར་པ་ཞིག་བསླེབས་ནས་ས་གནས་དེ་གཉིས་ལ་འགྲིམ་འགྲུལ་གྱི་བཀག་སྡོམ་ཤུགས་ཆེན་བྱ་དགོས་བྱུང་ཡོད་པ་མ་ཟད། ད་ལྟ་པེ་ཅིན་དུ་ཉིན་ལྟར་ནད་པ་གསར་པ་བཅུ་གྲངས་ལྷག་འབྱུང་གི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༠༣

Leave a Reply