རྡོ་རྗེ་གདན་ནས་རྒྱ་མི་ཚོར་སྣེ་ལེན་བྱེད་ཀྱི་མི་འདུག  

གནས་མཆོག་རྡོ་རྗེ་གདན་གྱི་མགྲོན་ཁང་དང་ཟ་ཁང་གི་བདག་པོ་ཚང་མས་རྒྱ་ནག་ནས་ཡོང་བའི་མགྲོན་པོ་ཚོར་སྣེ་ལེན་བྱེད་མཚམས་བཞག་ཡོད་པ་མ་ཟད་རྒྱ་ནག་གི་ཐོན་རྫས་བེད་སྤྱོད་གཏོང་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་འདུགརྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ད་ལྟ་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་འགྲོ་བཞིན་པའི་སྐབས་འདིར། རྒྱ་གར་གྱི་མངའ་སྡེ་བྷི་ཧར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་གསོལ་མགྲོན་ཁང་གི་བདག་པོ་ཚང་མས། རྒྱ་ནག་ལ་ངོ་རྒོལ་བྱེད་ཆེད་རྒྱ་ནག་གི་མི་སེར་ཚོར་མགྲོན་ཁང་གླ་གཏོང་དང་ཟ ཁང་དུ་སྣེ་ལེན་མཚམས་བྱས་པ་ཡོངས་བསྒྲགས་བྱས་འདུག

རྡོ་རྗེ་གདན་གྱི་ཟ་ཁང་དང་མགྲོན་ཁང་ཁག་གི་མཉམ་འབྲེལ་སྐྱིད་སྡུག་ཚོགས་པས། ང་ཚོས་རྒྱ་ནག་ནས་ཡོང་བའི་མི་སུ་གཅིག་ལའང་མགྲོན་ཁང་གླ་གཏོང་བྱ་རྒྱུ་མིན་པ་མ་ཟད། རྒྱ་ནག་མི་སེར་ཚོ་ཟ་ཁང་དུ་ཡོང་རྒྱུ་བཀག་སྡོམ་བྱེད་ཀྱི་ཡིན། ཞེས་བརྗོད་ཡོད་པ་མ་ཟད།  རྡོ་རྗེ་གདན་གྱི་མགྲོན་ཁང་སྐྱིད་སྡུག་ཚོགས་པས། རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་དང་མཉམ་འབྲེལ་གྱིས། རྡོ་རྗེ་གདན་དུ་རྒྱ་ནག་གི་ཐོན་རྫས་ཡོངས་རྫོགས་བཀག་སྡོམ་བྱེད་བཞིན་ཡོད་འདུག

རྡོ་རྗེ་གདན་གྱི་མགྲོན་ཁང་སྐྱིད་སྡུག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སུ་ཌ་མཱ་ཀོ་མར་(Sudama Kumar)ལགས་ཀྱིས། ང་ཚོ་རྒྱ་གར་གྱི་མི་སེར་ཡིན་པའི་ཆ་ནས་རྒྱལ་ཁབ་ཨང་དང་པོར་བཞག་སྟེ། རྒྱ་ནག་ལ་ངོ་རྒོལ་དང་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཐག་གཅོད་དེ་ནི་གནས་མཆོག་རྡོ་རྗེ་གདན་གྱི་མགྲོན་ཁང་དང་ཟ་ཁང་གི་སྐྱིད་སྡུག་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཐག་གཅོད་གནང་བ་ཞིག་ཡིན་འདུག

ད་རེས་བྷི་ཧར་ནང་རྒྱ་ནག་གི་ཐོན་རྫས་ཡོངས་རྫོགས་བཀོལ་སྤྱོད་མཚམས་འཇོག་དང་རྒྱའི་མི་སེར་ཚོ་མགྲོན་ཁང་དང་ཟ་ཁང་དུ་ཡོང་རྒྱུ་བཀག་སྡོམ་གྱི་ངོ་རྒོལ་ལས་འགུལ་སྤེལ་དོན་གཅིག་ནི། ཉེ་སྔོན་གྷལ་ཝན་ཁུལ་དུ་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་སྐབས། བྷི་ཧར་གྱི་དམག་མི་ཁྱོན་ ༡༦ བསད་ཡོད་པ་དང་། སྐབས་དེར་རྒྱ་གར་གཞུང་གིས་ས་མཚམས་སྲུང་སྐྱོབ་སླད་བྷི་ཧར་དང་པན་ཇེབ་ཀྱི་དམག་གི་རུ་ཁག་གཉིས་མངགས་གཏོང་བྱས་ཡོད་འདུགགནས་མཆོག་རྡོ་རྗེ་གདན་ནི་ནང་པའི་གནས་རྩ་ཆེ་ཤོས་ཤིག་ཡིན་པ་ལྟར། ལོ་རེར་རྒྱ་རིགས་སྟོང་ཕྲག་མང་པོ་རྡོ་རྗེ་གདན་དུ་གནས་སྐོར་ལ་ཡོང་གི་ཡོད་པ་མ་ཟད། ཀྲུང་ཧྭ་ལྷ་ཁང་ཆེན་མོ་ཟེར་བའི་རྒྱ་ཡི་ལྷ་ཁང་ཞིག་ཀྱང་ཡོད་པ་དང་། རྒྱ་རིགས་སྦྱིན་བདག་ཡང་གང་ཙམ་མང་པོ་ཡོད་འདུག  ད་རེས་རྡོ་རྗེ་གདན་དུ་རྒྱའི་མི་སེར་ཚོར་ཟ་སྡོད་བྱེད་ས་བཀག་སྡོམ་བྱས་པ་དེས་རྒྱ་རིགས་ནང་པ་མང་པོ་ཞིག་ལ་གནས་སྐོར་གྱི་འགོག་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༣

Leave a Reply