རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ཁེར་རྐྱང་དུ་ཕུད་དགོས།

ཨ་རིའི་རྒྱ་གར་སྤྱི་དམངས་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་དང་རྒྱ་གར་ཐའེ་ཝན་སོགས་མཉམ་འབྲེལ་གྱིས་རྒྱ་ནག་གི་བཙན་འཛུལ་དང་རྒྱ་སྐྱེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕར་རྒོལ་དགོས་པའི་ལས་འགུལ་ཞིག་སྤེལ་འདུག

ཁ་སང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཨ་རིར་གནས་སྡོད་རྒྱ་གར་བ་དང་། བོད་མི། ཐའེ་ཝན་པ། དེ་བཞིན་ཕྱི་རྒྱལ་རྒྱབ་སྐྱོར་བ་རྣམས་ཀྱིས་མཉམ་འབྲེལ་སྒོས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་བའི་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པ་དེ། དཔལ་འབྱོར་དང་ཕྱི་འབྲེལ་ཐད་ནས་ཁེར་རྐྱང་དུ་ཕུད་དགོས་པ་མ་ཟད། ཨ་རི་དང་། རྒྱ་གར། ཉི་ཧོང་བཅས་གསུམ་གྱིས་སྣེ་ཁྲིད་པའི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་མཉམ་འབྲེལ་རྩ་འཛུགས་ཤིག་ཚུགས་དགོས་པའི་རེ་འདུན་བཏོན་ཡོད་འདུག

ཐེངས་འདིའི་ལས་འགུལ་གྱི་གོ་སྒྲིག་པ་ཨ་རིའི་རྒྱ་གར་གྱི་སྤྱི་དམངས་བདེ་དོན་ལྷན་ཚོགས་ (American India Public Affairs Committee) ཀྱི་ཚོགས་གཙོ་སྐུ་ཞབས་ཇག་དྷི་ཤི་སེ་ཝ་ནི་ (Jagdish Sewhani) ལགས་ཀྱིས་ལས་འགུལ་སྟེང་། ད་ལྟ་འཛམ་གླིང་ཡོངས་རྫོགས་ཏོག་དབྱིབས་ནད་ཡམས་ཀྱི་དམག་འཐབ་ནང་ཞུགས་པའི་སྐབས་འདིར། རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལྟ་བུར་དྲག་རྒོལ་བྱེད་བཞིན་པ་དེས། ཁྲིམས་མེད་ལུགས་མེད་ཀྱི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དམིགས་ཡུལ་ངོ་མ་དེ་སྟོན་གྱི་ཡོད། ཅེས་བརྗོད་འདུག

ཡང་ཁོང་གིས་མུ་མཐུད། ངས་སྲིད་གཞུང་དེར་ཁྲིམས་མེད་ལུགས་མེད་ཅེས་བརྗོད་དགོས་དོན་ནི། རྒྱ་ནག་གིས་ཧོང་ཀོང་མི་མང་དང་། ཞི་བདེ་ལ་དགའ་མོས་བྱེད་མཁན་གྱི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་པ་དེ་ཡིས་ཡིན་ལ། ད་ལྟ་རྒྱ་ནག་གཞུང་གིས་ཁ་ཆེ་ཡུ་གུར་མི་རིགས་ཐོག་ལའང་དྲག་གནོན་སྲིད་བྱུས་སྤེལ་མུས་རེད། ཅེས་དང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་དེ་ཕྱི་འབྲེལ་གྱི་ཐོག་ནས་ཁེར་འབུད་གཏོང་རྒྱུ་དང་། འཕྲལ་དུ་རྒྱ་ནག་གི་ཚོང་ཟོག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་འདོན་བཞིན་ཡོད་ལ། རྒྱ་ནག་ངོས་ནས་རྒྱ་གར་ཚུད་པའི་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཐོག་དྲག་རྒོལ་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེད་གཏོང་གི་ཡོད། ཅེས་བརྗོད་ཡོད་འདུག

དེ་བཞིན་ལས་འགུལ་སྟེང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལག་བསྟར་འགན་འཛིན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ང་ཚོས་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་ཐོག་ལ་བཙན་འཛུལ་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། བོད་རྒྱ་གར་གྱི་ཕྱོགས་སུ་ལངས་ཏེ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། རྒྱ་ནག་གིས་དྲག་པོའི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་དེ་བོད་ཙམ་དུ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་ཧྲིལ་པོ་དང་། ཆེ་ས་ནས་བཤད་ན་འཛམ་གླིང་ཡོངས་ལ་ལག་བསྟར་བྱེད་འདོད་ཡོད་པས། རྒྱ་ནག་གི་བྱེད་སྟངས་དང་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་དེ་ཡིས། རྒྱ་གར་གྱི་བདེ་འཇགས་དང་འཛམ་གླིང་ཞི་བདེ་ལ་ཉེན་ཁ་ཞིག་ཡིན་པ་མཚོན་གྱི་ཡོད། སྲིད་དབང་གཅིག་སྡུག་རིང་ལུགས་ཅན་གྱི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་སྤྱིའི་ཁྲིམས་སྒྲིག་དག་ལ་རྩིས་མེད་ཀྱིས། ཡུ་གུར་དང་། བོད་མི། ཧོང་ཀོང་མི་མང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཡ་ལན་སྤྲོད་དགོས། ང་ཚོས་འཛམ་གླིང་གི་སྲིད་གཞུང་ཚོས་འཕྲལ་དུ་མཉམ་འབྲེལ་སྒོས་ཁ་བཤད་ཙམ་མིན་པར། ལག་ལེན་ཐོག་ནས་རྒྱ་ནག་གཅིག་གི་སྲིད་བྱུས་རྩིས་མེད་བཏང་སྟེ། པེ་ཅིན་གྱི་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་གཞུང་དེར་རྒོལ་དགོས། ཞེས་བརྗོད་ཡོད་འདུག
སྐད་འབོད་ལས་འགུལ་དེའི་སྟེང་ལས་འགུལ་བ་མང་པོས། རྒྱ་གར་ལ་རྒྱབ་སྐྱོར་ཡོད། རྒྱ་གར་རྒྱལ་འགྱུར་ཅིག རྒྱ་ནག་གི་ཚོང་ཟོག་སྤྱོད་མཚམས་འཇོག་དགོས། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཀྱི་གནད་དོན་ཞིག་ཡིན་སོགས་པའི་འབོད་ཚིག་བསྒྲགས་འདུག་ལ། ལས་འགུལ་གོ་སྒྲིག་པས་ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་གནད་དོན་གསུམ་གྱི་ཐོག་ནས་རྒྱ་ནག་ལ་རྒོལ་ལན་སློག་དགོས་སྐོར་བརྗོད་ཡོད་འདུག གནད་དོན་གསུམ་ནི། ཚོང་འབྲེལ་གྱི་ཕྱོགས་ནས་འཛམ་གླིང་མི་མང་ཡོངས་ཀྱིས་རྒྱ་ནག་གི་ཚོང་ཟོག་སྤྱོད་མཚམས་འཇོག་དགོས་པ་དང་། གཉིས་པ་བོད་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་དགོས་པ། གསུམ་པ་དེར་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཡིན་འདུག ཐེངས་འདིའི་ལས་འགུལ་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ཡང་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༠༤

Leave a Reply