གནས་བརྟན་སྡེ་བའི་ལུགས་ཀྱི་ཆོས་འཁོར་དུས་ཆེན་ལ་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ནང་པའི་ལུགས་ལྟར་ཆོས་འཁོར་དུས་ཆེན་ལ་གསུང་འཕྲིན་བསྩལ་བའི་ནང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བ་དེ་ཚན་རིག་དང་མཐུན་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

དེ་རིང་འཕགས་པ་གནས་བརྟན་སྡེ་པའི་ལུགས་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་དུས་ཆེན་དང་བསྟུན། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་དྲ་ལམ་བརྒྱུད་དུས་ཆེན་དེ་སྲུང་གཙི་བྱེད་བཞིན་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་ཆེན་དེར་བརྙན་ལམ་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པ་དང་། གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་པའི་གཞུང་ཆེན་ཁག་གི་ཕྱག་དཔེ་གཟིགས་པའི་དོན་རྣམས་རང་གི་གཤིས་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་དང་སློབ་གཉེར་གནང་བ་དེའང་ཚན་རིག་དང་མཐུན་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

ཐེངས་འདིའི་དུས་དྲན་སྲུང་གཙིའི་སྟེང་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་མཆོག་གཙོས། ནང་པའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་དང་བླ་ཆེན་ཁག་ནས་གསུང་འཕྲིན་བསྩལ་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་འཕགས་པ་གནས་བརྟན་སྡེ་པའི་ལུགས་ལྟར་གནས་མཆོག་ཝཱ་རཱ་ཎ་སཱིར་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་ཉིན་མོ་ཞེས་སྲུང་གཙི་བྱེད་བཞིན་པ་དེ་ཞེ་དྲག་ཡག་པོ་ཡིན་སྐོར་གྱི་བསྔགས་བརྗོད་གནང་འདུག

ཁོང་ཉིད་ཀྱིས་མུ་མཐུད། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཐོག་མར་མངོན་པར་རྫོགས་པ་སངས་རྒྱས་ནས་ཞག་བདུན་གྱི་རིང་བཀའ་ཆོས་གང་ཡང་མ་བསྩལ་བར་བཞུགས་པ་དང་། དེའི་རྒྱུ་མཚན་དེ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ།། ཞེས་གསུངས་པ་ལྟར། སྐབས་དེའི་ཚེ་རྒྱ་གར་ལ་ཡོངས་སུ་གྲགས་པའི་ཆོས་རྒྱུད་མང་པོ་ཞིག་ཡོད་པ་རེད་དེ། ཆོས་ལུགས་དེ་དག་ལ་རང་རང་གིས་དད་པ་བྱས་བསྡད་པ་དེ་ཡག་པོ་ཡིན་ན་ཡང་། ལྟ་གྲུབ་སྐོར་བཤད་སྐབས་རང་དབང་བའི་བདག་ཟེར་བ་དང་། འཇིག་རྟེན་བཀོད་པ་པོ་འདོད་བསྡད་ཡོད་སྟབས། བཅོམ་ལྡན་འདས་ཀྱི་གསུང་དེ་དེ་དག་དང་མི་འདྲ་བ་ཞིག་ཆགས་བསྡད་ཡོད་དུས་རེ་ཞིག་བཀའ་ཆོས་མ་གནང་བ་ཡིན་སྐོར་གསུངས་སོང་།

དེའི་རྗེས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་སོགས་གཙོ་བོ་བྱས་ཏེ་ཆོས་འཁོར་སྐོར་དགོས་པའི་སྙན་གསེང་ཞུས་པ་ལྟར། ཝཱ་རཱ་ཎ་སིར་ཆོས་འཁོར་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་སྐོར་བ་དང་། ཆོས་འཁོར་དེའང་བདེན་པ་བཞི་སྟེ་སྡུག་བསྔལ་བདེན་པའི་རྣམ་པ་བཞི་དང༌། ཀུན་འབྱུང་བདེན་པའི་རྣམ་པ་བཞི། འགོག་པའི་བདེན་པའི་རྣམ་པ་བཞི། ལམ་གྱི་བདེན་པའི་རྣམ་པ་བཞི་བཅས་ཀྱི་ཐོག་ནས་གསུང་ཡོད་པ་དང་། བདེན་པ་བཞི་དེ་འདྲ་ཞིག་ཡིན་ན་དེ་ལ་བླང་དོར་ག་འདྲ་བྱ་དགོས་པ་རེད་ཅེས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤངས་པར་བྱ། འགོག་པ་སྔོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་གསུངས་ཡོད་པ་དང་། འོ་ན་དེ་དག་སྤངས་བླང་བྱེད་རྒྱུའི་བླང་དོར་གྱི་ཡུལ་དེ་ང་ཚོའི་བློ་ལ་སྣང་བ་ནང་བཞིན་གྱི་དོན་གྱི་ངོས་ནས་གྲུབ་པ་ཡོད་པ་རེད་དམ་ཟེར་ན། ཡོད་པ་མ་རེད། སྡུག་བསྔལ་ཤེས་པ་དེ་ཤེས་པར་བྱ་རྒྱུ་མེད་པ། ཀུན་འབྱུང་སྤངས་པར་བྱ་བ་སྤངས་བར་མེད་པ།  འགོག་པ་སྔོན་དུ་བྱ་བ་དེ་སྔོན་དུ་བྱ་བ་མེད་པ། ལམ་སྒོམ་པར་བྱ་བ་དེ་སྒོམ་པར་བྱ་བ་མེད་པ་བཅས་ཡིན་པ་དང། དེ་དག་གིས་གཙོ་བོ་བདག་མེད་པའི་སྐོར་དེ་གསུངས་བཞིན་ཡོད་སྐོར་གསུངས་སོང་།

མཐའ་དོན་ཁོང་ཉིད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནང་གི་རྟེན་འབྲེལ་ཏེ་བཅུད་ཀྱི་སེམས་ཅན་རྣམས་འབྱུང་བའི་ཚུལ་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བློ་ཕྱིན་ཅི་ལོག་གི་གཉེན་པོ་ཇི་ལྟར་བསྟན་ཚུལ་གྱི་རྣམ་གཞག་ཟབ་རྒྱས་བསྟན་ཡོད་པ་དང་། ནང་པའི་གཞུང་ཆེན་ཁག་གི་ཕྱག་དཔེ་གཟིགས་པའི་དོན་རྣམས་རང་གི་གཤིས་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་དང་སློབ་གཉེར་གནང་བ་དེའང་ཚན་རིག་དང་མཐུན་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༩

Leave a Reply