ཐའེ་ཝན་གཞུང་གིས་༧གོང་ས་མཆོག་དགུང་གྲངས་ ༨༥ ཕེབས་པར་འཚམས་འདྲི་ཞུས།

ཁ་སང་ཐའེ་ཝན་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན་ཕྱོགས་གཉིས་ལ་སྟབས་བདེ་ཡིན་པའི་དུས་ཚོད་ཅིག་ལ་ཁོང་ཐའེ་ཝན་ནང་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྒྲགས་འདུགཁ་སང་ཕྱི་ཚེས་ ༦ ཉིན་ཐའེ་ཝན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག གསར་འགོད་པ་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་གནང་འདུན་ཡོད་སྐོར་གསུངས་ཡོད་པ་དང་། དེ་བཞིན་ཐའེ་ཝན་གཞུང་འཛིན་ཚོགས་པའི་དྲུང་ཆེ་ཟུར་པ་ལོ་ཝིན་ཅཱ་ལགས་ཀྱིས་ཀྱང་སྐབས་དེར་ཐའེ་ཝན་གཞུང་ནས་༧གོང་ས་མཆོག་གི་སྙན་ཞུ་དྭང་ལེན་མི་ཞུ་བའི་རྒྱུ་རྐྱེན་གང་ཡང་མེད་སྐོར་བརྗོད་པ་ལྟར་ད་ལྟའི་ཆར་དེའི་སྐོར་ག་འདྲ་ཆགས་ཡོད་མེད་དྲིས་པར། ཐའེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ (Joanne Ou) ལགས་ཀྱིས། ཐོག་མར་དེ་རིང་རེས་གཟའ་ཟླ་བ་ཉིན་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཡིན་སྟབས། ང་ཚོས་ཁོང་གི་འཁྲུངས་སྐར་ལ་ཐུགས་སྤྲོ་བོ་དང་ཞི་བདེ་ལྡན་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་འཚམས་འདྲི་ཞུས་འདུག

ཁོང་མོས་མུ་མཐུད།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་ནས་དམིགས་བསལ་ཞུ་དགོས་པ་ཞིག་ལ། ཁོང་ནི་འཛམ་གླིང་མི་མང་གིས་གུས་བརྩི་ཆེན་པོ་ཐོབ་པའི་ཆོས་ལུགས་དབུ་ཁྲིད་ཅིག་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ལོར་ཁོང་ལ་ནོལ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད། ཁོང་ལ་ཐའེ་ཝན་ནང་དད་ལྡན་རྗེས་འཇུག་པ་ཧ་ཅང་མང་པོ་ཡོད་པ་ལྟར། ཁོང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ཝན་ནང་ཕེབས་ཏེ་བཀའ་ཆོས་གནང་བར་རེ་སྒུག་ཞུ་ཡི་ཡོད་པ་རེད། ཡིན་ནའང་། ད་ལྟའི་བར་དུ་ཕྱི་འབྲེལ་ལྷན་ཁང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་དེ་འབྲེལ་གྱི་སྙན་ཞུ་དེ་འདྲ་འབྱོར་མ་བྱུང་། གལ་སྲིད་སྙན་ཞུ་འབྱོར་བ་ཡིན་ན། ཐའེ་ཝན་གཞུང་ནས་དེ་འབྲེལ་གཏན་འབེབ་གཞིར་བཟུང་ཐག་གཅོད་གནང་རྒྱུ་དང་། ཕན་ཚུན་གུས་བརྩི་ལྡན་པའི་རྩ་དོན་འོག་ཕྱོགས་གཉིས་ལ་སྟབས་བདེ་ཡིན་པའི་དུས་ཚོད་ཅིག་ལ་ང་ཚོས་ཁོང་ཐའེ་ཝན་ནང་ཕེབས་ཏེ་བཀའ་ཆོས་གནང་བར་དགའ་བསུ་ཞུ་ཡི་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ཀྱིས་དྲྭ་ལམ་ཐད་གཏོང་བརྒྱུད་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་བཀའ་དྲིན་བསྩལ་སྐབས། ༧གོང་ས་མཆོག་ནས་ག་ལེར་དུས་ཚོད་དང་ཆབ་སྲིད་ཀྱི་འགྱུར་བ་ཞིག་སླེབ་ཚེ། གཅིག་བྱས་ན་ངོས་རང་ཐའེ་ཝན་དུ་སླེབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་ལམ་སང་བཤད་ཐུབ་རྒྱུ་ཁག་པོ་རེད། གང་ལྟར་དངོས་སུ་ལུས་པོ་དེར་སླེབ་ཐུབ་ན་འདྲ་མ་ཐུབ་ནའང་འདྲ། ང་ཚོའི་བསམ་བློའི་ནང་སེམས་ཐག་ཉེ་པོ་ཞིག་ཡོད་བསྡད་པ་རེད། ཁྱེད་རང་ཚོ་སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། ཞེས་གསུངས་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་ཐའེ་ཝན་གོ་མིན་ཏང་ཚོགས་པའི་གཞུང་སྟེ། སྲིད་འཛིན་ལི་ཏུན་ཧེ་ (Lee Teng-hui) མཆོག་གི་སྐབས་སུ་༧གོང་ས་མཆོག་ཐེངས་དང་པོར་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོར་དམངས་གཙོ་ཡར་སྐུལ་ཚོགས་པའི་ (Democratic Progressive party) གཞུང་སྟེ། སྲིད་འཛིན་ཁྲིན་ཧྲུ་པིན་ (Chen Shui-bian) མཆོག་གི་སྐབས་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་ནང་མཚོ་རླུང་དྲག་པོ་བྱུང་སྟེ་མི་གྲངས་ ༨༠༠ ཙམ་རྐྱེན་འདས་སུ་ཕྱིན་རྗེས།  གནོད་འཚེ་ཐེབས་པའི་འདས་གསོན་ལ་ཐུགས་སྨོན་གནང་ཆེད་སྐབས་དེའི་གོ་མིན་ཏང་ཚོགས་པའི་གཞུང་སྟེ་སྲིད་འཛིན་མཱ་ཡུན་ཇོའུ་ (Ma Ying-jeou)མཆོག་གི་སྐབས་སུ་གདན་འདྲེན་ཞུས་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེ་ཝིན་མཆོག་ཐའེ་ཝན་གྱི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ནས་བཟུང་། ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དང་། ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་ཐའེ་ཝན་ལ་སྔར་ལྷག་གི་ཆབ་སྲིད་ལྟ་བ་མཁྲེགས་པོ་བཟུང་སྟེ་གནོན་ཤུགས་སྤྲོད་བཞིན་ཡོད་པ་སོགས་ཀྱིས། དེ་ནས་བཟུང་༧གོང་ས་མཆོག་ཐའེ་ཝན་ནང་ཕེབས་ཐུབ་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༠༧

Leave a Reply