༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་བསྐྱར་དུ་ཞུས།

ཁ་སང་༧སྐུའི་འཁྲུངས་སྐར་དང་བསྟུན་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཕུལ་ཏེ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་༧གོང་ས་མཆོག་ལ་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་བསྐྱར་དུ་ཞུས་ཡོད་འདུགཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༥ ཕེབས་པའི་ཉིན་དང་བསྟུན། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All Party Forum for Tibet) ཚོགས་གཙོ་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་ (Shanta Kumar) མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor) ལགས་གཉིས་ཀྱིས། སྲིད་བློན་མུ་དྷི་མཆོག་ལ་རྒྱ་གར་དབུས་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་ (Bharat Ratna) འབུལ་ལམ་ཞུ་དགོས་པའི་རེ་སྐུལ་བསྐྱར་དུ་ཞུས་ཡོད་འདུག

བཞུགས་སྒར་དྷ་སའི་ཀང་ར་རྫོང་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ལགས་ཀྱིས། རྒྱ་གར་དབུས་གཞུང་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འབུལ་རྒྱུའི་ཕྱག་རྟགས་ལེགས་ཤོས་དེ་ནི་བྷ་ར་ཏི་རཱ་ཏ་ནཱ་ཡིན་པ་དང་། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས་མེག་གྷན་དུ་ཞབས་སོར་འཁོད་པ་དེ་ནི། ཧི་མ་ཅལ་མངའ་སྡེའི་མི་མང་སྤྱི་དང་ལྷག་པར་དུ་ངའི་ས་གནས་ཀང་རའི་མི་མང་རྣམས་ལ་མཚོན་ན་བཀྲ་ཤིས་པའི་དོན་དག་ཆེན་པོ་ཞིག་རེད། ཅེས་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་ངོས་ནས་འཚེ་མེད་ཀྱི་ཐོག་ནས་རྒྱ་གར་དང་ས་མཚམས་ཀྱི་རྩོད་གཞི་འདུམ་སྒྲིག་བྱ་དགོས་པ་མ་ཟད། བོད་དེ་༧གོང་ས་མཆོག་ལ་རྩིས་འབུལ་ཞུ་དགོས་སྐོར་བརྗོད་ཡོད་འདུག

ཁ་སང་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་བསྐྱར་དུ་སྲིད་བློན་མུ་དྷི་མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཏེ། དེའི་ནང་ཕྱི་ལོ་ ༢༠༡༦ ལོར་ཁོང་གིས་སྣེ་ཁྲིད་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ ༡༦༠ ཡིས་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་འབུལ་དགོས་པའི་གྲོས་ཆོད་དགོས་འདུན་ཐོག་མིང་རྟགས་བཀོད་ཡོད་སྐོར་གསུངས་འདུག་ལ། འདས་ལོའི་ཕྱི་ཟླ་ ༤ པའི་ནང་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྐྱར་དུ་རྒྱ་གར་གྱི་ནང་སྲིད་བློན་ཆེན་རཱ་རྗི་ནཱ་ཋི་སཱན་ (Rajnath Singh) མཆོག་ལ་ཞུ་ཡིག་ཕུལ་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཞུ་ཡིག་དེ་ལ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ཡིས་རྒྱབ་སྐྱོར་མཚན་རྟགས་བརྒྱབས་ཡོད་འདུག

སྐབས་དེར་སྤྱི་ཁྱབ་བློན་ཆེན་ཤན་ཏ་ཀུ་མཱར་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ཀྱི་འཐབ་རྩོད་དེ་ཞི་བའི་ཐོག་ནས་གནང་ཡོད་པ་དང་། ཁོང་གི་མཛད་འཕྲིན་ལ་འཛམ་གླིང་ཡོངས་ནས་བསྔགས་བརྗོད་དང་ཆེ་བསྟོད་ཞུ་བཞིན་ཡོད་པ་ལྟར།  ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་དགོངས་པ་ཆེར་བཞེས་ཀྱིས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་ཁོང་ཉིད་ལ་འབུལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད་པ་རེད། ཅེས་གསུངས་འདུག

ཉེ་ཆར་ལ་དྭགས་ཁུལ་གྱི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་བའི་རྐྱེན་གྱིས། རྒྱ་གར་གྱི་གཞུང་མང་ཁྲོད་དུ་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་ཐོན་བཞིན་པའི་སྐབས་འདིར། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ནི་རུ་པ་མ་རའོ་ (Nirupama Rao) ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཝི་ཊར་སྟེང་། ད་ལྟ་༧གོང་ས་མཆོག་ལ་ཆེས་མཐོའི་གཟེངས་རྟགས་དེ་ཉིད་འབུལ་རྒྱུའི་དུས་ལ་བབ་སྐོར་དང་། ༧གོང་ས་མཆོག་གིས་མིའི་རིགས་སྤྱི་ལ་བཞག་པའི་ལེགས་སྐྱེས་དང་། བྱམས་བརྩེ། སྙིང་སྟོབས། ད་དུང་ཁོང་གིས་དམངས་གཙོ་དང་གཞི་རྩའི་རང་དབང་གི་ཡིད་ཆེས་བཅས་ཀྱིས། ཁོང་ལ་ཆེས་མཐོའི་གཟེངས་རྟགས་དེ་ཉིད་འབུལ་རྒྱུ་འོས་ཤིང་འཚམ་པ་རེད། ཅེས་བརྗོད་ཡོད་འདུག

ཁ་སང་སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་གྱི་ཧིན་དྷུ་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནང་དུ། རྒྱ་གར་གཞུང་ངོས་ནས་རྒྱ་ནག་ལ་ཁ་གཏད་དེ། ༧གོང་ས་མཆོག་ལ་བྷ་ར་ཏི་རཱ་ཏ་ནཱ་གཟེངས་རྟགས་འབུལ་དགོས་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པ། བོད་མིའི་མི་རབས་གསར་པའི་ལས་འགུལ་བ་དག་དང་འབྲེལ་ལམ་གཏིང་ཇེ་ཟབ་ཏུ་གཏོང་དགོས་པ། བོད་ཀྱི་ཆོས་བརྒྱུད་ཁག་ཚང་མའི་མཉམ་དུ་འབྲེལ་ལམ་བསྐྱར་གསོ་དགོས་པ། དེ་བཞིན་ཆེས་གལ་ཆེ་བ་ནི་རྒྱ་གར་གཞུང་ངོས་ནས་༧སྐུའི་ཡང་སྲིད་ཐད་༧གོང་ས་མཆོག་ཉིད་ཀྱི་ཐག་གཅོད་ལ་བརྩི་བཀུར་ཞུ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱི་གཞུང་མང་ཁྲོད་རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་གནོན་ཤུགས་ལ་འཛེམ་མེད་ཀྱིས། ༧གོང་ས་མཆོག་གི་མཛད་བཟང་ལ་གཟེངས་བསྟོད་བྱ་དགོས་པའི་བསམ་ཚུལ་འདོན་མཁན་ཇེ་མང་ཡིན་འདུག ད་བར་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་གཙོས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་ (Ajai Singh)ལགས་དང་། རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཎི་ཏི་ཤི་ཀུ་མཱར་(Nitish Kumar) མཆོག གཞན་ཡང་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་གྲགས་ཆེན་རཱ་མཱ་ཅན་ཌ་ར་གྷུ་ཧ་ (Ramachandra Guha) ལགས་ཀྱིས་མཚོན་པའི་གནད་ཡོད་མགོ་འཁྲིད་དང་མི་སྣ་མི་ཉུང་བས་ཡིག་ངག་གཉིས་ཀའི་ཐོག་ནས་༧གོང་ས་མཆོག་ལ་བྷ་ར་ཏི་རཱ་ཏ་ནཱ་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༧

Leave a Reply

One thought on “༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་བསྐྱར་དུ་ཞུས།

  1. བསོད་ནམས་རྒྱལ་མཚན་

    ཨ་ ཚཻ་ རྒྱ་གར་གྱིས་གཟེངས་རྟགས་ (Bharat Ratna) ངོམ་སོ་དང་སྡུག་ཡུས། 😂 😂 😂 Bharat Ratna ང་ཚོ་ག་རེད་བྱས་དགོས་རེད་ ? དེ་ལས་རྒྱ་གར་རྒྱལ་སྤྱིད་སྟེང་ བོད་དེ་སྔ་མོ་ནས་རང་བཙན་རྒྱལ་ཁབ་རེད། TIBET IS NOT PART OF CHINA ཁ་བསང་ཡ་དེ་རེད། གཟེངས་རྟགས་ཡག་ཤོས་ཡང་དེ་རེད། Hello 👋 INDIA ! Now How Long To Use Enterprise For Tibetan ? INDIA’s Silence Is Violence.