རྒྱ་དཀར་ནག་གི་ཧིན་བོད་ས་མཚམས་དམག་དཔུང་ཕྱིར་འཐེན་བྱེད་བཞིན་ཡོད་ཟེར།

ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱིས་རྒྱ་གར་ལྟར་རྒྱལ་སྲུང་བདེ་འཇགས་ལ་དམིགས་ཏེ་རྒྱ་ནག་གི་ཁ་པར་མཉེན་ཆས་ཁག་བཀག་འགོག་བྱ་རྒྱའི་བསམ་ཚུལ་ཡོང་གི་ཡོད་འདུག

དེ་རིང་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ནས་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་རིམ་པར་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་ཕྱོགས་གཉིས་ནས་མོས་མཐུན་བྱུང་བ་བཞིན་ས་མཚམས་འགོག་སྲུང་ས་ཚིགས་གསུམ་ནས་དམག་མི་དང་མཚོན་ཆ་སོགས་སྤྱི་ལེ་ ༡ ལྷག་གི་སར་ཕྱིར་འཐེན་བྱས་ཡོད་པ་དང་། རྒྱ་གར་ཕྱོགས་ནས་ད་དུང་རྒྱ་ནག་གི་དམག་མིས་བཙན་འཛུལ་བྱེད་པར་དོགས་ཟོན་བྱེད་བཞིན་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་རྒྱ་གར་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་རྗི་ཊི་དྷོ་ཝལ(Ajit Doval)གཉིས་ཀྱིས་ཁ་པར་བརྒྱུད་སྐད་ཆ་བཤད་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ནས་ས་མཚམས་ཁག་གི་དམག་དཔུང་ཕྱིར་འཐེན་དང་ཕན་ཚུན་ཞི་འགྲིག་ཡོང་རྒྱུའི་མོས་མཐུན་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་གར་བདེ་སྲུང་སློབ་སྟོན་པས་རྒྱ་ནག་ཕྱོགས་ནས་ས་མཚམས་ཁག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། ཕྱོགས་གཉིས་ནས་འགན་འཁུར་བའི་ཐོག་ནས་ཕན་ཚུན་མཉམ་ལས་དང་ཞི་འགྲིག་ཡོང་རྒྱུར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག

གནད་དོན་དེའི་ཐད་རྒྱ་གར་ས་མཚམས་དམག་ཁུལ་གྱི་འབྲེལ་ཡོད་ཅིག་གིས། ད་ལྟའི་ཆར་ཕྱོགས་གཉིས་ནས་མོས་མཐུན་བྱུང་བ་བཞིན་ཛ་དྲག་གི་ས་མཚམས་འགོག་སྲུང་དམག་དཔུང་ཕྱིར་འཐེན་བྱས་ཡོད་པ་དང་། གནད་དོན་དེ་ནི་གོམས་སྟབས་དང་པོ་ཡིན་པ་དང་ད་དུང་མུ་མཐུད་གྲོས་མོལ་བརྒྱུད་ཐག་གཅོད་བྱ་རྒྱུ་མང་པོ་ལྷག་བསྡད་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་གྷལ་ཝན་ལུང་གཤོངས་སུ་འཛུགས་སྐྲུན་བྱས་པའི་དམག་གི་རྟེན་གཞི་དང་གུར་སོགས་མེད་པ་བཟོས་ཡོད་ན་ཡང་། རྒྱ་ནག་ཕྱོགས་ནས་ད་དུང་དཔལ་མགོན་མཚོ་ཁུལ་གྱི་ས་མཚམས་ནས་ཟིང་འཁྲུག་སློང་ཐབས་ཀྱི་རྟགས་མཚན་ཁ་ཤས་མངོན་བཞིན་ཡོད་པས། རྒྱ་གར་དམག་ཁུལ་གྱིས་མུ་མཐུད་དོགས་ཟོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ཟླ་ ༦ ཚེས་ ༡༥ ཉིན་གྱི་མཚན་མོ་ལ་དྭགས་གྷལ་ཝན་ལུང་གཤོངས་ནས་ཕྱོགས་གཉིས་ཀྱི་དམག་མིས་བར་གདོང་ཐུག་ཤོར་ནས་རྒྱ་གར་གྱི་དམག་མི་ ༢༠ བསད་ཡོད་པ་དང་། རྒྱ་ནག་ཕྱོགས་ཀྱི་དམག་མིར་བསད་རྨས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་དེ་རིགས་རྫུན་མ་ཡིན་སྐོར་བརྗོད་ནས་ཕྱིར་བསྒྲགས་བྱས་མེད་པ་རེད། དེ་དང་འབྲེལ་ནས་རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་མང་པོ་བཀག་འགོག་དང་། རྒྱ་ནག་གི་ཚོང་ཟོག་བཙོང་མཚམས་འཇོག་པ། རྒྱ་ནག་གི་རྒྱ་གར་ནང་ཡོད་པའི་སྤྱི་གཉེར་ཁང་སོགས་རྒྱ་གར་གྱི་གཞུང་ལམ་དང་འཛུགས་སྐྲུན་ཆེ་ཁག་གི་ནང་དུ་ཞུགས་མི་ཆོག་པ་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་ཡོད་པ་མ་ཟད། རྒྱ་དཀར་ནག་གི་གདོང་ཐུག་དང་འབྲེལ་ནས་རྒྱ་གར་ནང་བོད་དོན་གླེང་སློང་དང་རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་རྩིས་མེད་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེན་ཡོང་ཡོད་པ་རེད།

ད་ལྟའི་ཆར་རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་ཁག་རྒྱལ་སྲུང་བདེ་འཇགས་ལ་དམིགས་ཏེ་བཀག་འགོག་བྱས་པར་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་དགའ་བསུ་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཚེས་ ༦ ཉིན་བཅར་འདྲི་ཞིག་དང་འབྲེལ་ཨ་རིའི་ཕྱི་སྲིད་དྲུང་ཆེར་རྒྱ་ནག་གི་མཉན་ཆས་བཀག་འགོག་བྱེད་མིན་དྲིས་པར། ངས་ད་ལྟ་སྲིད་འཛིན་ཊུ་རིམ་ཕུའི་སྔོན་ལ་གསལ་བསྒྲགས་གཏོང་གི་མིན་མ་གཏོགས་ང་ཚོས་དེ་ལྟར་འདོད་བཞིན་ཡོད་ཅེས་གསུང་ཡོད་པ་དང་།དེ་བཞིན་ཨོ་སི་ཊོ་ལི་ཡས་རྒྱ་ནག་གི་མཉེན་ཆས་ཁག་གིས་གསང་བའི་ལས་ཀ་བྱེད་བཞིན་ཡོད་པའི་དོགས་གཞིའི་འོག་བཀག་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཕྱི་སྲིད་དྲུང་ཆེའི་སྐད་ཆ་དེ་བཤད་པ་དང་འབྲེལ་ནས་ཊིག་ཊོག་མཉན་ཆས་བཟོ་ལས་ཁང་གི་འགན་འཛིན་གྱིས་དེ་མ་ཐོག་ང་ཚོས་ད་བར་རྒྱ་ནག་གཞུང་ལ་ཊིག་ཊོག་སྤྱོད་མཁན་ཚོའི་གནས་ཚུལ་མཁོ་སྤྲོད་བྱས་མ་མྱོང་ལ། ཕྱིན་ཆད་དེ་ལྟར་སྤྲོད་རོགས་ལབ་ན་སྤྲོད་ཀྱི་མིན་ལ། ང་ཚོས་ལས་དོན་ཆེས་དང་པོ་དེ་མཛད་སྤྱོད་པའི་བདེ་འཇགས་དང་སྲུང་སྐྱོབ་གཙོ་བོར་འཛིན་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཕྱོགས་ནས་རྒྱ་གར་གྱིས་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་མི་མང་གི་རྒྱལ་ཞེན་སྤྱད་ནས་རྒྱ་ནག་གི་མཉེན་ཆས་རིགས་བཀག་འགོག་བྱས་ཡོད་ཀྱང་། གནད་དོན་དེ་དག་གིས་རྒྱ་གར་ལ་གྱོང་ལས་རྒྱ་ནག་གནོད་སྐྱེལ་མི་ཐུབ་སྐོར་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་མཉེན་ཆས་བཀག་འགོག་གི་ལས་འགུལ་དེས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་ ༦ ལྷག་གི་གྱོང་གུད་ཐེབས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་ཊིག་ཊོག་བཟོ་ལས་ཁང་གིས་རྒྱ་གར་གཞུང་ལ་འཕྲིན་ཡིག་ཅིག་བཏང་བའི་ནང་། ཊིག་ཊོག་ངོས་ནས་ད་བར་རྒྱ་གར་གྱི་གནས་ཚུལ་རྒྱ་ནག་ཕྱོགས་ལ་སྤྲད་མེད་ལ་མ་འོངས་པར་སྤྲོད་འཆར་མེད་ལ། རྒྱ་གར་ཕྱོགས་ནས་བསྐྱར་དུ་མཉམ་ལས་བྱ་རྒྱུར་ལམ་ཁ་ཡོང་ཐབས་ལ་རེ་བ་ཡོད་སྐོར་སོགས་བརྗོད་ཡོད་འདུག

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་དང་ས་མཚམས་ཆབ་སྲིད་དཔྱད་བརྗོད་པ་ཚོས། ཐེངས་འདིར་རྒྱ་དཀར་ནག་གི་བོད་ཧིན་ས་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་མུ་མཐུད་ས་མཚམས་རྩོད་རྙོག་སློང་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་གོ་སྐབས་དང་གནས་བབ་ལ་བལྟས་ནས་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱ་སྲིད་པའི་དོགས་སློང་བྱེད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༧

Leave a Reply

One thought on “རྒྱ་དཀར་ནག་གི་ཧིན་བོད་ས་མཚམས་དམག་དཔུང་ཕྱིར་འཐེན་བྱེད་བཞིན་ཡོད་ཟེར།

  1. བསོད་ནམས་རྒྱལ་མཚན།

    ཉེ་ཆར་རྒྱ་དཀར་ནག་གཉིས་ལ་དྭགས་ལ་འཐབ་འཛིང་བྱེདཔ་དེ་གཡོ་བཤམ་ཡིན་སྲིད། དེའི་ཐོག་བོད་པ་ཚོ་སྣམ་འགྱུར་གང་འདྲ་བསྟོན་གྱི་འདུག ཚོད་ལྟ་བྱེད་པ་ཡིན་སྲིད། 😂 😂 😂 ཡང་མེད་ན་ བོད་པ་མེད་པ་བཟོ་ཡ་ཡིན་སྲིད། ཕར་ཕྱོག་ནས་བོད་པ་དམག་མི་ཚུར་བཏང་ཡོང་། དེ་ཕྱོགས་ནས་བོད་པ་དམག་མི་ཕར་བཏང་ན་ ? ! ཁོང་ཚོ་གཉིས་ཀྱི་དོན་ལ་བོད་པ་གཉིས་འཐབ་འཛིང་བྱེདབཅུག་ན་ !!! Wao ! 😲 ཨེ་ མ།