༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་ཡོངས་ཁྱབ་གསུང་འཕྲིན་བསྩལ།

༧གོང་ས་མཆོག་གི་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ནང་ད་ལྟའི་དཀའ་ངལ་ཐད་རང་ཅག་ཚང་མས་མཉམ་རུབ་ཀྱིས་འབད་བརྩོན་བྱས་ན་ཐུན་མོང་གི་མངོན་འདོད་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཡུལ་གྲུ་ཁག་གི་ནང་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་པར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། བརྩེ་བའི་མཆེད་གྲོགས་ཕོ་མོ་ལྷན་རྒྱས་ཁྱེད་རྣམས་ཀྱིས་ངོས་བགྲང་བྱ་ ༨༥ འཁོར་བའི་སྐྱེས་སྐར་གྱི་དུས་དྲན་ལ་འཚམས་འདྲི་གནང་བ་དང་། དེ་བཞིན་ཉིན་དེར་འཛམ་བུ་གླིང་གི་ས་གནས་གང་ས་ནས་དུས་དྲན་སྲུང་བརྩི་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱི་བརྩེ་སེམས་ཀྱིས་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངོས་རང་བདེ་ཐང་ངང་གནས་ཡོད་ལ། འགྲོ་བ་མིའི་བདེ་དོན་ཆེད་མི་ཚེ་རིང་ཙམ་འཚོ་ཐུབ་པའི་བློའི་འཕེན་པ་གཏོང་བཞིན་ཡོད། དེང་སྐབས་རང་རེ་འཚོ་སྡོད་བྱ་སའི་འཛམ་བུ་གླིང་འདིའི་ནང་། རྒྱལ་ཁབ་རྣམས་སྔར་ལས་ལྷག་པར་ཕན་ཚུན་ལྟོས་ཏེ་ཡོད་པས། གཞན་ལ་ལྟོས་མེད་རང་རྐྱ་འཕེར་བའི་ངོ་བོར་གནས་མི་ཐུབ་པས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྔར་ལྷག་གོང་འཕེལ་གཏོང་དགོས་ལ། རང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཡང་དེ་དང་མཚུངས་པ་ཡིན། ད་ལྟ་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་དང་། ནད་ཡམས་སོགས་ཀྱི་དཀའ་ངལ་ཐད་རང་ཅག་ཚང་མས་མཉམ་རུབ་ཀྱིས་འབད་བརྩོན་བྱས་ན་ཐུན་མོང་གི་མངོན་འདོད་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་དྲན་སྐུལ་བྱེད་ཀྱི་ཡོད། འཚམས་འདྲི་དང་སྐྱབས་སྨོན་ཡོད་ཅེས་གསུངས་འདུག

༧སྐུའི་འཁྲུངས་སྐར་ལ་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་མཆོག་གི་གསུང་འཕྲིན་ནང་དུ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནི། ཇི་སྐད་དུ། མཁས་གྲུབ་ཐམས་ཅད་མཁྱེན་པས། སྙིགས་མ་བས་ཀྱང་ཆེར་སྙིགས་པའི། །འཇིགས་པ་མི་བཟད་འཇིག་རྟེན་འདིར། །རྒྱལ་དང་རྒྱལ་བའི་སྲས་པོ་གཞན། །མཐའ་དག་མཐོང་བའི་ལམ་ལས་འདས། །དེ་ཚེ་ཐུགས་རྗེ་ལྡན་པ་ཁྱོད། །སོ་གའི་ཉི་མའི་འགྲམ་པའི་ཆང་། །ཟག་ལྡན་གཉིས་འཐུང་པདྨོའི་མཚོས། །རིང་ནས་བོས་ལྟར་འཇིག་རྟེན་གཟིགས། །ཞེས་གསུངས་པ་ཇི་བཞིན་ཏུ། དེང་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་ཀྱི་འགྲོ་བ་སྤྱི་དང་། ལྷག་པར་བདག་ཅག་མགོན་མེད་པ་རྣམས་ཀྱི་མགོན་དང་། སྐྱབས་མེད་པ་རྣམས་ཀྱི་སྐྱབས་དང་། གླིང་དང་། དཔུང་གཉེན་དམ་པར་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་བསམ་བཞིན་ཏུ་བྱོན་ཏེ། འཚོ་ཞིང་གཞེས་པའི་གསང་གསུམ་གྱི་རྣམ་པར་ཐར་པ་ནི་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་མཁྱེན་པའི་ཡུལ་ལས་ཀྱང་འགོང་པར་གྱུར་ན། བདག་དང་བདག་འདས་ཆ་ཤས་ཙམ་ཡང་བརྗོད་པར་ག་ལ་ནུས་ཏེ། ཇི་སྐད་དུ། རྗེ་དགེ་འདུན་གྲུབ་པས། ཐུབ་པའི་ཡོན་ཏན་མཁའ་ལྟར་མཐའ་ཡས་པ། །མ་ལུས་བརྗོད་པར་ནུས་པ་སུ་ལ་མཆིས། །ཞེས་གསུངས་པ་ལྟར་ལགས་ཤིང་། མགོན་པོ་མཆོག་གིས་ད་བར་གཞི་རྒྱ་ཆེ་ཞིང་། ཕུགས་རྒྱང་རིང་པོའི་དགོངས་བཞེས་བླ་མེད་དང་། འཇིག་རྟེན་ཡོངས་ལ་ཕན་པ་དང་ཞི་བདེ་བསྐྲུན་འདོད་ཀྱི་ཐུགས་བརྩེས་ཀུན་ནས་བསླངས་ཏེ། འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་སྐྲུན་ཐབས་ལམ་སྟོན་དང་འབད་བརྩོན་ཤུགས་ཆེ་བསྐྱངས་པས། འཛམ་གླིང་ཆེ་རྒུས་གཙུག་རྒྱན་དུ་བཀུར་དང་བཀུར་བཞིན་པ་འདི་ལ་ཡི་རང་ཚད་མེད་དང་བཅས། སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་གྲངས་མེད་ཞུ་བ་དང་འབྲེལ།ལྷག་པར་ད་ལམ་སྐུའི་འཁྲུངས་སྐར་བསྲུང་བརྩིའི་མཛད་སྒོ་གལ་ཆེན་འདིའི་སྐབས། རང་ཅག་ཚང་མས་ཁ་ཞེ་གཉིས་མེད་ཀྱིས་སེམས་ལ་བཅང་དགོས་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་རང་ཅག་ལ་ལེགས་ཉེས་བླང་དོར་བཀའ་སློབ་ལམ་སྟོན་གནང་ཚད་ཀུན་ལེགས་པར་ཡིད་ལ་དྲན་པའི་སྒོ་ནས་ལག་ལེན་དུ་འགེལ་ཐབས་ཆེད་མཐའ་གཅིག་ཏུ་འབད་བརྩོན་ངེས་པར་ཞུ་དགོས་པ་དེ་རེད། ཅེས་སོགས་གསུངས་འདུག

ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་གསུང་འཕྲིན་གསུང་འཕྲིན་ནང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ དེ་རིང་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག བསྟན་འགྲོའི་དོན་དུ་སྐུ་མཆོག་མངོན་པར་འཁྲུངས་ནས་རང་ལུགས་དགུང་གྲངས་གྱ་དྲུག་དང་། ཕྱི་ལུགས་དགུང་གྲངས་ ༨༥ ཧྲིལ་པོར་ཕེབས་པའི་འཁྲུངས་སྐར་ཁྱད་པར་ཅན་གྱི་དུས་སྟོན་ཉིན་མོ་འདི་ལ། ངས་གཞིས་བྱེས་བོན་འབངས་ཡོངས་ཀྱི་ཚབ་ཞུས་ནས་མགོན་པོ་གང་ཉིད་ལ་སྒོ་གསུམ་གུས་ཕྱག་དང་བཅས། བཀྲ་ཤིས་པའི་རྫོགས་ལྡན་འདིའི་དུས་ཚིགས་འདི་ལ་དགའ་སྟོན་ལོངས་སུ་སྤྱོད་བཞིན་པའི་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ད་ལན་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་གིས་དགོངས་པ་ཆེ་བཞེས་གནང་སྟེ། ལོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལོ་ཞིག་ཏུ་ངོས་འཛིན་དང་། ངོས་ལ་ཡང་འཚམས་འདྲིའི་ཤིས་ཚིག་འབུལ་རྒྱུའི་གོ་སྐབས་ཆེད་བསྩལ་གནང་བ་དེ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

སྤྱིར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་གསང་གསུམ་གྱི་མཛད་པ་འཕྲིན་ལས་ནི། ནམ་མཁའ་ལས་རྒྱ་ཆེ་བ། རྒྱ་མཚོ་ལས་གཏིང་ཟབ་པ། རི་རབ་ལས་དཔངས་མཐོ་བ། ཞེས་པའི་དཔེ་ལྟར། རེ་རེ་བཞིན་བརྗོད་པའི་ནུས་སྤོབས་བྲལ་ཞིང་། བརྗོད་ནའང་རྫོགས་མཐའ་མེད་པ་ལགས་ན། དེ་རིང་གོ་སྐབས་བཟང་པོ་འདི་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་དུ། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཆུ་ཐིགས་ཙམ་ཞིག་དྲན་གསོ་དང་། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

༸རྒྱལ་དབང་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་རྗེས་བརྩེའི་བྱིན་རླབས་མ་ཡལ་ཞིང་། ལྷ་བླའི་ལུང་བསྟན་རྩེ་མཐུན་ཐོག རང་རེ་ཁ་བ་རི་བའི་བསྟན་འགྲོའི་མགོན་དཔུང་དམ་པར་བོད་གངས་ཅན་བྱང་ཤར། མདོ་སྨད་སྟག་འཚེར་ཡུལ་སྡེ་རུ། ཡབ་ཡུམ་ཕུན་སུམ་ཚོགས་པའི་སྲས་སུ་སྐུ་མཆོག་མཚན་དཔེ་མངོན་པར་བཞད་པའི་མཛད་པ་དེ་ནི། བཀའ་དྲིན་རྗེས་སུ་འོས་པའི་ཡང་རྩེའམ་ཐོག་མ་དེ་ཡིན། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། སྤྱིར་གང་ཉིད་ཀྱི་མཛད་འཕྲིན་རླབས་ཆེ་ལ་རྒྱ་ཆེ་ཞིང་། རྒྱུན་རིང་བའི་ཁྲོད་དུ་རང་རེ་གཡུང་དྲུང་བོན་དང་འབྲེལ་ཆགས། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ། ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དམ་པ་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་གཙོས་པའི་སྐྱེས་ཆེན་དུ་མ་དང་ཐུགས་མཐུན་འབྲེལ་འདྲིས་ཟབ་ཅིང་། ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡང་བཀའ་དྲིན་ཆིབས་བསྒྱུར་ཐེངས་གཉིས་བསྐྱངས་གནང་སྟེ། ལེགས་ཚོགས་ཀུན་དགའི་ལམ་སྟོན་བཀའ་སློབ་དང་། བཙན་བྱོལ་ཁྲོད་དུའང་ཆོས་བརྒྱུད་སྤྱི་མཚུངས་ལྟར་མཐུན་སྦྱོར་ཆ་ཚང་བསྩལ་གནང་གིས་རྒྱལ་དབང་སྐུ་ཕྲེང་གོང་མ་རིམ་བྱོན་ལས་ལྷག་པའི་བཀའ་དྲིན་སྐྱབས་འཇུག་གནང་བ་བཞིན། རང་རེ་རྣམས་ཀྱང་བཀའ་དྲིན་གྱི་ཆ་ཤས་ཙམ་བསུབ་ཐབས་ཆེད་མགོན་པོ་གང་ཉིད་ཀྱི་དགོངས་བཞེད་དང་ལམ་སྟོན་བཞིན། ཐུན་མིན་བོན་གྱི་གཞུང་ལུགས་ཁག་ལ་སློབ་གཉེར་རྒྱུན་བསྐྱངས་དང་། བོད་བསྟན་སྲིད་མི་རིགས་ཆེད་དབུ་འོག་དཔུང་འདེགས་ཀྱི་ཞུ་སྒོ་གང་ཡོད་བཀའ་གསུང་ཅི་སྒྲུབ་དང་ལེན་ཞུས་དང་། ཞུ་མུས། ཞུ་འགྱུར་བཅས་ལྷོད་གཡེང་མ་ཤོར་བ་བྱ་རྒྱུ་ཡིན། ཞེས་སོགས་གསུངས་འདུགདཔལ་༸རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་དུ། ད་ལོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་དོན་བཞིན་དུ། ༸གོང་ས་མཆོག་གི་འཛམ་གླིང་སྤྱི་དང་། བྱེ་བྲག་བོད་ཁ་བ་གངས་ཅན་པའི་ཕྱི་ནང་སྣོད་བཅུད་དང་བཅས་པའི་ཕན་བདེའི་དོན་དུ་༸སྐུ་ཚེ་གང་བོར་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་རླབས་ཆེན་གྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་སྐྱོང་བཞིན་པར་ང་ཚོ་ཚང་མས་བཀའ་དྲིན་དྲན་ཤེས་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ཞབས་འདེགས་སྒྲུབ་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། ལྷག་པར་གང་ཉིད་མཆོག་གི་ཐུགས་བཞེད་གཙོ་བོ་ནི། བོད་མི་ཡོངས་རྫོགས་མཐུན་སྒྲིལ་དང་རང་དབང་། བདེ་སྐྱིད་ལྡན་པ་ཡོང་རྒྱུ་དང་། འཛམ་གླིང་ཁྱོན་ཡོངས་ལ་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ལག་ལེན་གོང་འཕེལ་འགྲོ་རྒྱུ། གནའ་རབས་ཀྱི་༸རྒྱལ་བའི་བསྟན་པ་དང་དེང་དུས་ཀྱི་ཚན་རིག་ཟུང་སྦྲེལ་གྱི་སྒོ་ནས་འགྲོ་བ་མིའི་བླང་དོར་གྱི་རྣམ་དཔྱོད་གོང་འཕེལ་དུ་གཏང་རྒྱུ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྤྱི་དང་སྒེར། རང་དང་གཞན་ཐམས་ཅད་ལ་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས། ང་ཚོས་དེ་བས་ཀྱང་དོ་སྣང་དང་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད།

གལ་ཆེ་ཤོས་དེ་ང་ཚོའི་ངོས་ནས་༸གོང་ས་མཆོག་གི་ཐུགས་བཞེད་དང་མཐུན་པའི་སེམས་ཅན་སྤྱི་དང་། བོད་མི་སྤྱི་དང་སྒེར་དོན་སྤྱི་ལ་ཕན་པའི་བྱ་བ་སྒྲུབ་རྒྱུའི་སེམས་ཤུགས་སྐྱེ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་པ་དྲན་གྱི་འདུག ༸གོང་ས་མཆོག་གི་སྔ་ཕྱི་བར་གསུམ་དུ་བཀའ་སློབ་ཧ་ཅང་མང་པོ་ཕེབས་ཡོད་པ་རེད། དེ་དག་གི་དགོས་དོན་གཙོ་བོ་ནི་ང་ཚོའི་སེམས་ལ་འགྱུར་བ་ཡོང་རྒྱུ་དང་། བླང་དོར་གྱི་རྣམ་དཔྱོད་གོང་འཕེལ་ཡོང་རྒྱུའི་ཆེད་དུ་བཀའ་སློབ་སྩལ་ཡོད། དེ་འདྲ་ཡིན་སྟབས། ལག་ལེན་དངོས་སུ་དེ་ལྟ་བུ་ཡོང་གི་ཡོད་དང་མེད་ཟེར་བ་ནི། ང་རང་ཚོ་སོ་སོའི་འབད་བརྩོན་ལ་རག་ལུས་ཡོད། མཐའ་ན་ཚོད་ལྟ་ཙམ་ཡང་མ་བྱས་པ་ཡིན་ན་༸གོང་ས་མཆོག་གི་བཀའ་སློབ་མང་པོ་སྩལ་བ་དེ་དག་ཆ་ཚང་མ་དོན་མེད་པ་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ལག་ལེན་བསྟར་ཐུབ་པ་དགོས་རྒྱུ་གལ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། ད་ལྟ་ང་རང་ཚོའི་སངས་རྒྱས་དངོས་ལྟ་བུའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་རྒྱུ་དང་། གསུང་ཐོས་རྒྱུ་ལ་སོགས་པའི་དུས་ཚོད་བཟང་པོའི་སྐབས་འདིར་བྱེད་རྒྱུ་ཡོད་ན་ད་ལྟ་བྱེད་རྒྱུའི་དུས་ཚོད་སླེབ་ཡོད། མ་འོངས་པར་ཧ་ཅང་བྱེད་རྒྱུ་ཡོད་ཟེར་རྒྱུས་ཕན་ཐོགས་ཀྱི་མ་རེད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ལ་འཁྱེར་ནས་རང་དོན་བསྒྲུབ་རྒྱུ་བྱས་པ་ཡིན་ན་དེ་བས་ཀྱང་ཕན་ཐོགས་མེད་པ་ཞིག་དང་། ཕན་ཐོགས་མེད་པའི་སྒང་ལ་སྤྱི་སྒེར་ཡོངས་ལ་གནོད་པ་ཚབས་ཆེན་ཞིག་སྐྱེལ་གྱི་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། འཕགས་པ་སྤྱན་རས་གཟིགས་གཞན་ཕན་སྙིང་རྗེའི་བདག་ཉིད་དེ་རང་གི་རང་དོན་ཅུང་ཟད་བསྒྲུབ་རྒྱུ་དང་། མིར་གནོད་པ་སྐྱེལ་ཆེད་བེད་སྤྱོད་བཏང་ཚེ་དེ་ལས་སྡིག་པ་ཆེ་བ་ཕལ་ཆེར་མེད་པ་ཞིག་རེད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་ཕ་མེས་བུ་ཕྲུག་གསོ་བ་ལྟར་ཀུན་སྙོམ་གྱིས་བྱམས་བརྩེའི་བསྐྱངས་པའི་བོད་མི་ཕུ་ནུ་མིང་སྲིང་དབར་ལ་ཆོལ་ཁ་དང་ཆོས་ལུགས་ལ་སོགས་པའི་ཁག་སྣ་ཚོགས་བཏགས་ཏེ་འགལ་ཟླ་དང་འཁྲུག་རྩོད་བསླང་རྒྱུ་དེ་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད།

དཔེར་ན། བུ་ཚ་བསམ་ཤེས་མེད་པས་ཕ་མ་རྒན་འཁོགས་ཀྱི་ཐུགས་དཀྲུག་པ་ནང་བཞིན། ང་ཚོའི་བྱེད་སྟངས་འདིས་༸རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་ཕམ་དང་དགོངས་པ་འཁྲུག་རྒྱུའི་གཞི་རྩ་གཙོ་བོ་འདྲ་ཞིག་ཆགས་ཡོད་པ་རེད་བསམ་པ་དྲན་བཞིན་འདུག་སྟབས། ང་རང་གི་ངོས་ནས་ཞུ་ན། ༸རྒྱལ་བ་རིན་པོ་མཆོག་གི་ངོས་ནས་བསམ་བློ་གཏང་བ་ཡིན་ན། མགོན་པོ་གང་ཉིད་མཆོག་ལ་སྐུར་འདེབས་ཞུ་མཁན་ལས་བོད་མི་སྤྱིའི་དོན་ལ་བསམ་ཤེས་མེད་པའི་ཐོག་ནས་ནང་ཁུལ་ཐུག་པ་དཀྲུག་དཀྲུག་བྱེད་རྒྱུ་འདི་ཐུགས་ཕམ་ཆེ་བ་ཡོང་གི་རེད་བསམ་པའི་ཚོར་སྣང་ཡོང་བཞིན་འདུག ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞེས་ཁ་ནས་བཤད་རྒྱུ་ལས་སླ་པོ་རེད། འོན་ཀྱང་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་ལག་ལེན་བསྟར་རྒྱུ་ཧ་ཅང་ཁག་པོ་རེད། གང་ཡིན་ཞེ་ན། ང་རང་ཚོ་ཚང་མར་རང་བཞིན་ལྷན་སྐྱེས་ཀྱིས་རང་གཅེས་འཛིན་དང་བདག་འཛིན་གྱི་བག་ཆགས་ཧ་ཅང་མཐོ་བོ་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གཞན་གཅེས་འཛིན་གྱི་བློ་གོང་འཕེལ་གཏོང་རྒྱུ་དང་། དེ་བཞིན་སྤྱི་པའི་དོན་ལ་བསམ་ཤེས་བྱེད་རྒྱུར་སྦྱོང་བརྡར་དང་འབད་བརྩོན་བྱས་ནས་ཡོང་དགོས་པ་ཞིག་ཡོད་སྟབས། ང་ཚོས་ཡང་ནས་ཡང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་གསན་པ་ཙམ་མ་ཟད། བསམ་བློ་བཏང་ནས་ལག་བསྟར་བྱས་ཚེ་ང་ཚོ་གཞི་ནས་བཟང་དུ་བཟང་དུ་འགྲོ་བ་དང་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་ཡིན། ཞེས་གསུངས་འདུགསྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོ་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་གི་གསུང་འཕྲིན་ནང་དུ། ད་ལོ་༸གོང་ས་མཆོག་གི་དགུང་གྲངས་བོད་ལུགས་ལྟར་རྩིས་པ་ཡིན་ན་དགུང་ལོ་ ༨༦ ལ་ཕེབས་ཀྱི་ཡོད། ཁོང་ཉིད་མདོ་སྨད་སྟག་འཚེར་སྐུ་འཁྲུངས་པ་དང་། དེ་ནས་༸རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་གནང་། བོད་ཀྱི་རྒྱལ་སར་ལྷ་གདན་དུ་གདན་དྲངས་ཤིང་། སྐུ་ན་ཕྲ་བའི་སྐབས་སུ་ནང་དོན་རིག་པ་སོགས་ལ་གསན་སྦྱོང་གནང་ཞིང་། རིམ་པས་བོད་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་ཁེལ་ཞིང་། རྒྱ་ནག་དམར་པོའི་ཕྱོགས་ནས་བོད་ཤར་ཕྱོགས་ནས་འགོ་འཛུགས་ཀྱིས་བོད་སར་བཙན་འཛུལ་བྱེད་བཞིན་པ་དང་། དུས་དེར་༸གོང་ས་མཆོག་གིས་བོད་དང་རྒྱ་ཕྱོགས་གཉིས་ནས་བསམ་ཚུལ་གོ་བསྡུར་གྱིས་བསྟན་སྲིད་ཀྱི་མཛད་འགན་རྣམས་བདག་གིར་བཞེས་ཏེ། བོད་མི་རྣམས་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་ཐབས་མཛད་ཡོད་ཀྱང་། མཐར་རྒྱ་མིའི་དམག་དཔུང་གིས་བོད་མི་རྣམས་ལ་འཇིགས་བསྐུལ་སྣ་ཚོགས་བྱས་ཏེ་བོད་ས་ཁྱོན་ཡོངས་ལ་དབང་བསྒྱུར་གྱིས་བཙན་བཟུང་བྱ་རྒྱུའི་གྲབ་གཤམ་བྱེད་བཞིན་ཁར། ཐ་མ་གདམ་ཁ་ལྟ་བུ་ནི་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཡོད། དུས་དེར་ལྷ་མིའི་དགོངས་བཞེད་བཞིན་༸གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་བདེ་བླག་ངང་ཕེབས་ཐུབ་པ་བྱུང་བ་ནི། ང་ཚོ་བོད་མི་རྣམས་ཀྱི་བསོད་ནམས་དང་སྐལ་བཟང་གི་གོ་སྐབས་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན་༸གོང་ས་མཆོག་གི་ཐུགས་རྗེ་དང་། རྒྱ་གར་གཞུང་དང་མི་མང་རྣམས་ཀྱིས་དུས་དེར་བོད་མི་སྐྱབས་བཅོལ་དུ་འབྱོར་བ་རྣམས་ལ་སྣེ་ལེན་མཐུན་འགྱུར་གང་འོས་གནང་ཡོད། དེ་རིང་གོ་སྐབས་འདི་ཟིན་ཏེ་༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་། ཆོས་ལུགས་ཁས་ལེན་མིན་ལ་ལྟོས་མེད་བྱམས་བརྩེའི་སྤྱི་ཚོགས་ཤིག་ལ་བསྒྱུར་དགོས་པ་དང་། དེ་ཡང་ཕོ་མོའི་དབྱེ་བ་མེད་པ་དང་། མི་རིགས་དབྱེ་བ་མེད་པ། རིགས་ལ་མཐོ་དམན། དབང་ཆ་ཡོད་མེད་རྒྱུ་མཚན་མིན་པར་འགྲོ་བ་མི་ཡིན་པ་གཅིག་གྱུར་གྱིས་འདུ་ཤེས་འཁྱེར་ནས་བྱམས་བརྩེའི་ཉམས་ལེན་དགོས་པའི་ལམ་སྟོན་དང་ཐུགས་ཁུར་གནང་བ་བཅས་ནི་ཧ་ཅང་རིན་ཐང་བྲལ་བའི་དགོངས་བཞེད་གཅིག་ཆགས་ཡོད། རྒྱལ་སྤྱིའི་ནང་དུའང་དེ་ལྟར་ངོས་འཛིན་གྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་མང་པོ་འབུལ་བཞེས་གནང་བ་བཅས་ནི་ལོ་རྒྱུས་ཀྱི་བྱུང་རབས་འདིའི་ནང་ཁོང་ནི་འཛམ་གླིང་ཐོག་བྱམས་བརྩེ་སྤེལ་མཁན་སྲིད་ན་འགྲན་ཟླ་བྲལ་བ་ཞིག་ཆགས་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། དེ་བཞིན་འཛམ་གླིང་འདིའི་ནང་ཆོས་ལུགས་ལྟ་གྲུབ་འདྲ་མིན་གྱིས་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པས་གནས་ཐུབ་པ་དང་། ཆོས་ལུགས་ནང་ཕན་ཚུན་གུས་ཞབས་ཞུ་རྒྱུ་དང་། མཐུན་ལམ་དགོས་པ་གལ་ཆེ་བ། ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་སྤྱི་ཚོགས་ནང་རྙོག་གྲ་བཟོ་བ་བཅས་ནི་ཆེས་ཐ་ཤལ་དང་བློ་ཕམ་དགོས་པ་ཡང་ཡང་གསུངས་ཀྱི་ཡོད། བོད་ཀྱི་ཆོས་བརྒྱུད་ནང་ཁུལ་ལ་མཚོན་ན་ཡང་༸གོང་ས་མཆོག་གི་ཐུགས་བསྐྱེད་དང་བཀའ་དྲིན་ལ་བརྟེན་ནས་ཧ་ལམ་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུའི་ཆོས་ལུགས་ནང་ཁུལ་དམ་ཚིག་འོ་ཆུ་གཅིག་འདྲེས་སུ་གྱུར་ཡོད། རླབས་ཆེན་གྱི་མཛད་པ་དེ་དག་ལ་ང་ཚོས་བཀའ་དྲིན་རྗེས་དྲན་དང་འབྱུང་འགྱུར་ཡང་༸གོང་ས་མཆོག་གི་ལམ་སྟོན་མཛད་པ་བཞིན་ཤར་བསྐྱོད་ཞུ་ཐུབ་དགོས་པ་ང་ཚོའི་ལས་འགན་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེ་བཞིན་ཆོལ་གསུམ་བོད་རིགས་ཡོངས་ལ་༸གོང་ས་མཆོག་གིས་ཐུགས་བྱམས་བརྩེའི་གཟིགས་པ་གཅིག་མཚུངས་ཀྱིས་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་འགན་ཁུར་བཞེས་དགོས་པ་ཁོང་གི་དགོངས་པའི་མཐིལ་དུ་བཟུང་ནས་བཀའ་སློབ་ཡང་ཡང་ཕེབས་བཞིན་ཡོད། ང་ཚོ་བོད་རིགས་ནང་ཁུལ་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱིས་ཁོང་གི་བཀའ་སློབ་གསུངས་པ་རྣམས་ལག་ལེན་བསྟར་ཐུབ་དགོས་པ་དང་། མཚམས་རེར་བསམ་ཚུལ་མཐུན་མིན་ལྟ་བུ་བྱུང་ན་ཡང་གཞི་རྩའི་༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་རྒྱ་ལས་མ་བརྒལ་བར་བོད་མི་རྒན་གཞོན་ཚང་མས་ཉམས་ལེན་དང་འགན་ཁུར་བྱེད་ཐུབ་དགོས། དེ་ལྟར་བྱུང་བ་ཡིན་ན་ཁོང་གི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཆགས་ཀྱི་ཡོད།

ཁོང་དགུང་ལོ་ ༨༦ ལ་ཕེབས་ཡོད་ཀྱང་སྐུའི་འཕྲོད་བཞེས་དང་། ཆོས་ཀྱི་ཉམས་ལེན་སོགས་ལ་བརྟེན་ནས་ཞལ་རས་གཞོན་ཤ་ཆགས་པ་ཞིག་མཇལ་གྱི་འདུག དེ་ནི་འཇིག་རྟེན་གྱི་སྐྱེ་འགྲོ་སྤྱི་དང་རང་ཅག་བོད་མི་རྣམས་ཀྱི་བསོད་ནམས་ཆེན་པོ་ཞིག་རེད། འབྱུང་འགྱུར་ཡང་རང་རེ་བོད་འབངས་རྣམས་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་དགུང་ལོ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་ཞུ་རྒྱུ་ཡིན། བོད་མི་རྣམས་ཀྱིས་ཀྱང་ཁོང་གི་དགོངས་བཞེད་བཞིན་བོད་སྤྱི་པའི་རྩ་དོན་དང་འབྲེལ་བའི་ལས་དོན་རྣམས་དང་། སྒེར་སོ་སོའི་ལས་དོན་རྣམས་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་ཐབས་ལ་ཚང་མས་འབད་བརྩོན་སྔར་ལྷག་གིས་ཉིན་རེའི་འཚོ་བའི་ནང་ལག་བསྟར་ཞུ་ཐུབ་དགོས། ཞེས་གསུངས་འདུག

ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པའི་གསུང་འཕྲིན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༢༠/༠༧/༠༧

Leave a Reply