ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་ཡོངས་བསྒྲགས་བྱས།

ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་གྱི་འགྲོ་ལུགས་སྒྲུབ་བཞིན་ཡོད་པ་དང་ལོ་རྗེས་མའི་ནང་དངོས་སུ་ཕྱིར་ཐོན་ཐུབ་པ་བྱེད་ཀྱི་ཡིན་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་སྐབས་འདིར། ཨ་རིའི་སྲིད་འཛིན་ཊོམ་ཕུ་འཛིན་སྐྱོང་གིས་ཨ་རིའི་གྲོས་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ནང་། ཨ་རི་གཞུང་འབྲེལ་ཐོག་ནས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་བྱེད་རྒྱུ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཨ་རིའི་དམངས་གཙོ་ཚོགས་པ་གཙོས་འཛམ་གླིང་གི་ཚོགས་སྡེ་ཁག་དང་ཆེད་མཁས་པ་སོགས་ཀྱིས་ཊོམ་ཕུ་འཛིན་སྐྱོང་གི་བྱེད་བབ་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རི་དངོས་སུ་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་གྱིས་དེའི་རོགས་དངུལ་ཐེབས་རྩ་གཞན་ཞིག་ལ་བསྒྱུར་འདོད་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་ཕོ་བྲང་དཀར་པོའི་ལས་བྱེད་རྒན་པ་ཞིག་གིས། ཨ་རིའི་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་བཅོས་བསྒྱུར་དང་ལག་བསྟར་བྱེད་དགོས་པའི་ཆ་རྐྱེན་ཚང་མ་འཕྲོད་བསྟེན་སྒྲིག་འཛུགས་ལ་སྤྲད་ཡོད་ཀྱང་། འཕྲོད་བསྟེན་སྒྲིག་འཛུགས་ནས་ངོས་ལེན་བྱས་མ་སོང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དགོས་ངེས་ཅན་གྱི་བསྒྱུར་བཅོས་དེ་དང་ལེན་མ་བྱས་སྟབས། དེ་རིང་ནས་ང་ཚོའི་བར་འབྲེལ་ལམ་གཅོད་ཀྱི་ཡིན། ཞེས་བརྗོད་འདུག

གཞན་ཡང་ཊོམ་ཕུ་འཛིན་སྐྱོང་གི་ཐག་གཅོད་དེ་དང་འབྲེལ་ནས། ཨ་རིའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སེ་པོལ་སི་མཆོག་གིས། ཨ་རི་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་བྱ་རྒྱུ་ནི་དོན་དངོས་ཐོག་དགོས་དོན་མེད་པ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། དེ་བཞིན། ཐེངས་འདིའི་གནད་དོན་ཐོག་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དང་འབྲེལ། སྲིད་འཛིན་ཊོམ་ཕུ་མཆོག་གི་ཁ་གཏད་འོས་མི་ཇཱོ་བྷ་ཌན་(Joe Biden)ལགས་ཀྱིས། གལ་སྲིད་ཁོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་འཐོབ་པ་ཡིན་ན། ཊོམ་ཕུའི་ཐག་གཅོད་དེ་ལ་འགྱུར་བ་གཏོང་གི་ཡིན་སྐོར་བརྗོད་ཡོད་པ་དང་། ཨི་ཊ་ལིའི་འཕྲོད་བསྟེན་བློན་ཆེན་གྱིས། ཊོམ་ཕུ་མཆོག་གི་ཐག་གཅོད་ནི་ཚབས་ཆེན་དང་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་གང་མང་ཞིག་གིས་ཨ་རི་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་མི་བྱེད་པའི་རེ་སྐུལ་བསྟུན་མ་ཞུས་པར་མ་ལྟོས་པར། ད་ལྟའི་ཆར་ཨ་རི་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་ནས་ཕྱིར་ཐོན་བྱེད་པའི་འགྲོ་ལུགས་སོགས་སྒྲུབ་བཞིན་ཡོད་པ་མ་ཟད། འབྱུང་འགྱུར་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ ཚེས་ ༦ ཉིན་ཕྱིར་ཐོན་ཚ་ཚང་གྲུབ་ཀྱི་ཡོད་འདུག་ལ། གནད་དོན་དེ་དང་འབྲེལ་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་བའི་སྨན་པ་དང་ཆེད་མཁས་པ་མང་པོ་ཞིག་གིས། ཨ་རི་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་ཐོན་གྱི་ཐག་གཅོད་དེས། ད་ལྟ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་ཐུབ་མེད་པ་དང་། ནད་ཡམས་བཅོས་ཐབས་ཀྱི་སྨན་བཟོ་བཞིན་པ་དང་རྒྱལ་སྤྱིའི་སྟེང་ནད་ཡམས་ཁྱབ་བརྡལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་པར་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་སོགས་བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རང་གི་ལས་དོན་སྒྲུབ་ཕྱོགས་ལ་ལེགས་བཅོས་གཏོང་རྒྱུའི་ཁས་ལེན་ནན་པོ་ཞིག་མ་བྱུང་ཚེ་ཉིན་སུམ་ཅུའི་ནང་ཚུད་དུ་ཨ་རིའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྤྲོད་བཞིན་པའི་འགྲོ་གྲོན་རྣམས་གཏན་དུ་གཅོད་རྒྱུ་དང་། ཨ་རི་རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་བྱ་དགོས་མིན་ལའང་བསྐྱར་ཞིབ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་བསྟུན་ཐབས་རིམ་པར་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོག་འགོག་ཡག་པོ་བྱེད་བཞིན་ཡོད་སྐོར་བརྗོད་ནས་ཉན་འཇོག་བྱས་མེད་པ་དང་། གནད་དོན་དེ་དང་འབྲེལ་ནས་ཨ་རིའི་གསང་བའི་ལས་ཁུངས་དང་འཇར་མན་གསང་བའི་ལས་ཁུངས་གཉིས་ནས་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱ་ནག་གིས་གནོད་ཤུགས་སྤྲད་དེ། རྒྱ་ནག་གི་གསང་བ་འགེབས་སྲུང་བྱེད་བཞིན་ཡོད་པའི་སྙན་ཐོ་སོགས་བཏོན་བྱུང་ཡོད་པ་རེད།

ད་ལྟའི་ཆར་ཨ་རིས་ལོ་རེར་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ ༩༠༠ མ་ཟིན་ཙམ་སྤྲོད་ཀྱི་ཡོད་སྟབས། ཨ་རི་ནི་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་སྤྲོད་མཁན་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཨ་རི་གཙོ་བྱས་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་ཁྱོན་ལོ་རེར་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༤།༤ སྤྲོད་ཀྱི་ཡོད་པ་བརྒྱུད། ད་ལྟ་འཛམ་གླིང་ནང་འཕྲོད་བསྟེན་སྒྲིག་འཛུགས་ལ་ལས་བྱེད་ཁྱོན་ ༧༠༠༠ ཙམ་དང་ལས་ཁུངས་ ༡༥༠ ཡོད་འདུག་ལ། ཁོ་ཚོས་རོགས་དངུལ་དེ་དག་ལ་བརྟེན་ནས་འཛམ་གླིང་ནང་གི་ཏོག་དབྱིབས་གཉན་རིམས་ལྟ་བུའི་ནད་ཡམས་ཀྱི་རིགས་ལ་ཞིབ་འཇུག་བྱས་ཏེ་སྨན་བཅོས་དང་སྨན་སོགས་བཟོ་ཐབས་བྱེད་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༨

Leave a Reply