རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ལམ་ལ་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་འདོགས་དགོས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ཡོད་སའི་གཞུང་ལམ་དེར་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་བཏགས་ཏེ་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་མཚན་དུས་རྟག་ཏུ་འབྲི་རུ་བཅུག་ན་མཉེན་ཆས་ ༥༩ བཀག་འགོག་བྱས་པ་ལས་ཀྱང་བརྡ་ལན་ཆེ་བ་སྤྲོད་ཐུབ་སྐོར་གྱི་བསམ་ཚུལ་འདོན་བཞིན་འདུགཉེ་སྔོན་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་དམར་འཛིང་བྱུང་རྗེས་ཡུལ་གཉིས་ཀྱི་རྩོད་རྙོག་ཛ་དྲག་ཅན་དུ་གྱུར་རྗེས། སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་གར་བ་མང་པོ་ཞིག་གིས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ཡོད་སའི་གཞུང་ལམ་གྱི་མིང་ལ་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དུ་བསྒྱུར་དགོས་སྐོར་མུ་དྷི་གཞུང་ལ་ཞུ་སྐུལ་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་གློག་གི་དཀའ་ངལ་སེལ་ཐབས་བྱེད་པའི་བཟོ་ལས་ཁང་ (Grassroots and Rural Innovative Development) གསར་འཛུགས་བྱེད་མཁན་དང་དེའི་སྤྱི་ཁྱབ་འགན་འཛིན(Maj Manik M Jolly)ཞེས་པ་ཞིག་གིས་སྒེར་གྱི་སྤྱི་ཚོགས་དྲ་བ་ཊི་ཝེ་ཊར་སྟེང་། ང་ལ་རེ་སྐུལ་ཞིག་ཡོད་པ་ནི་དབུས་གཞུང་གིས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ཆགས་སའི་ཞི་བའི་ལམ་ (Santipath) ཞེས་པའི་གཞུང་ལམ་གྱི་མིང་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་པར་བརྗེ་བསྒྱུར་གནང་དགོས་པ་དང་། གཞུང་ལམ་གྱི་མིང་བརྗེས་ན་རྒྱ་ནག་གཞུང་གིས་ཉིན་ལྟར་གཞུང་ཚབ་ཁང་གི་ཁ་བྱང་འབྲི་སྐབས་མིང་དེ་འབྲི་དགོས་པ་རེད། ཅེས་བཀོད་ཡོད་པར་དྲ་གྲོགས་ཁྲི་གཉིས་ཙམ་གྱིས་རྒྱབ་སྐྱོར་བྱས་ཡོད་པ་དང་། དྲ་གྲོགས་ ༦༠༠༠ ཙམ་གྱིས་ཞུ་ཡིག་དེ་བསྐྱར་བཀོད་བྱས་འདུགརྒྱ་གར་གྱི་དབུས་འོས་བསྡུ་འགན་འཛིན་ཟུར་པ་ (Dr. S Y Quraishi) ལགས་སྒེར་གྱི་སྤྱི་ཚོགས་དྲ་བ་ཊི་ཝེ་ཊར་སྟེང་། རྒྱ་ནག་གཞུང་ལ་སྙད་བརྐོ་འདོད་ཡོད་ན། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ཡོད་པའི་གཞུང་ལམ་གྱི་མིང་དེ་ཏཱ་ལའི་བླ་མའི་གཞུང་ལམ་དུ་བསྒྱུར་དགོས་པ་དང་། བྱེད་ཐབས་འདི་ཡིས་རྒྱ་ནག་གཞུང་ལ་མཉེན་ཆས་གྲངས་ ༥༩ བཀག་པ་ལས་ཀྱང་བཟོད་དཀའ་བའི་བརྡ་ལན་ཞིག་སྤྲད་པ་རེད། ཅེས་བཀོད་འདུག་ལ། རྒྱ་གར་གྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་རྒོལ་ལན་སློག་པའི་ཐབས་ཇུས་མང་པོ་འདོན་གྱི་ཡོད་པ་ལྟར།  རྒྱ་ནག་གཞུང་ལ་དོན་དམ་གྱི་རྒོལ་ལན་ཞིག་སློག་འདོད་ཚེ། རྒྱ་ནག་གཞུང་ཚབ་ཁང་ཆགས་སའི་གཞུང་ལམ་དེ་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་པར་བསྒྱུར་དགོས་པ་དང་། དེ་ནི་མཉེན་ཆས་ ༥༩ བཀག་པ་ལས་བརྡ་ལན་ཆེ་བ་སྤྲོད་ངེས་པ་དང་། དེར་བོད་མི་ཚོས་དགའ་བསུ་ཞུ་ངེས་སྐོར་སོགས་བསམ་ཚུལ་མང་པོ་སྤེལ་གྱི་འདུགའདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་གྱི་མཚན་མོར་བོད་ཧིན་ས་མཚམས་ཀྱི་ལ་དྭགས་གྷལ་ཝན་ལུང་གཤོངས་ཏུ་རྒྱ་དཀར་ནག་བར་དམར་འཛིང་བྱུང་སྟེ་ཡོངས་ཁྱབ་ཐོག་རྒྱ་གར་གྱི་དམག་མི་ ༢༠ བསད་པ་དང་། མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་གནས་ཚུལ་ཐོན་རྗེས། རྒྱ་གར་གྱི་སྤྱི་ཚོགས་ནང་རྒྱ་ནག་དང་རྒྱ་མིར་འཁོན་སེམས་འཛིན་མཁན་ཧ་ཅང་མང་དུ་ཕྱིན་ཏེ། ཞི་ཅིན་ཕིན་གྱི་འདྲ་པར་མེར་སྲེག་གཏོང་བ་དང་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བཀག་འགོག ཐ་ན་རང་ཁྱིམ་གྱི་རྒྱ་ནག་གི་ཐོན་རྫས་མེར་སྲེག་བཏང་བ་དང་། རྒྱ་གར་ནང་ཡོང་བའི་རྒྱ་མི་ཚོར་མགྲོན་ཁང་ཟ་ཁང་ནས་སྣེ་ལེན་མི་བྱེད་པ་དང་། རྔམ་སྟོན་ཁྲོམ་སྐོར་བྱེད་པ། ལྷག་པར་དུ་རྒྱ་ནག་གཞུང་ལ་རྒོལ་ལན་སློག་པར་རྒྱ་གར་གཞུང་མང་གཉིས་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིར་འབྲེལ་ལམ་སྔར་ལྷག་དགོས་པ་མ་ཟད། རྒྱ་གར་གཞུང་གི་བོད་དོན་ལངས་ཕྱོགས་ལ་བསྐྱར་ཞིབ་དགོས་པའི་བསམ་འཆར་འདོན་མཁན་མང་དུ་འགྲོ་བཞིན་འདུག

རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་སྲིད་དོན་ལས་འགུལ་བ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་ཏེ། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལྡེ་མིག་ལྟ་བུ་ཡིན་པ་དང་། བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་སྟབས། རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་རང་བཞིན་དུ་བསྒྱུར་དགོས་པ་སོགས་ཀྱི་སྐོར་ལ་གླེང་སློང་དང་། རྒྱ་གར་གྱི་མི་མང་དང་གསར་ཁང་གིས་ཀྱང་བོད་དོན་ཐད་དམིགས་བསལ་དོ་སྣང་སྤྲོད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༠༨

Leave a Reply

One thought on “རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ལམ་ལ་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་འདོགས་དགོས།