བོད་ནང་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་མགོ་འཁྲིད་ཚོ་ཨ་རིའི་ནང་འགྲོ་རྒྱུར་དམ་དྲགས་བྱ་རྒྱུ་ཡིན་འདུག

ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་གཞི་གཞིར་བཟུང་བོད་ནང་ཕྱི་རྒྱལ་བ་ཡོང་དུ་མི་འཇུག་མཁན་གྱི་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོར་ཐོངས་མཆན་སྤྲོད་རྒྱུར་དམ་དྲག་གནང་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༧ ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པིའོ་( Mike Pompeo)མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབ་གནང་བའི་བོད་ནང་འགྲོ་འོང་འདྲ་མཉམ་ཀྱི་ཁྲིམས་གཞིར་བཟུང་། བོད་ནང་ཕྱི་རྒྱལ་བ་ཡོང་དུ་མི་འཇུག་མཁན་གྱི་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོར། ཨ་རིའི་གཞུང་གིས་ཐོངས་མཆན་སྤྲོད་རྒྱུར་དམ་དྲག་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གཞུང་ཕྱོགས་ནས་ལན་འདེབས་བྱས་ཏེ་ཨ་རིའི་ཕྱོགས་ཀྱི་བོད་དོན་སྐོར་ལ་ཆེད་དམིགས་བྱ་སྤྱོད་སྤེལ་མཁན་ཚོ་རྒྱ་ནག་ནང་ཡོང་མི་ཆོག་པ་བཟོ་རྒྱུ་ཡིན་ཞེས་བསྒྲགས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གསུང་བཤད་སྐབས། རྒྱ་ནག་གཞུང་གིས་བོད་ནང་ཨ་རི་གཙོ་བོར་གྱུར་བའི་ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་འགྲོ་སྐྱོད་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པས། དེ་རིང་ནས་བཟུང་ཨ་རིའི་ཕྱོགས་ནས་བོད་ནང་འགྲོ་སྐྱོད་ཀྱི་ཁྲིམས་གཞིར་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་དང་ལས་བྱེད་ཚོ་ཨ་རིའི་ནང་ཡོང་རྒྱུར་ཐོངས་མཆན་དམ་དྲག་གནང་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གི་ལས་བྱེད་དང་མི་སེར་སོགས་ཨ་རིའི་ནང་རང་དབང་གི་སྒོ་ནས་ཡོང་ཆོག་གི་ཡོད་ཀྱང་། ཨ་རིའི་གཞུང་གི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་འགྲོ་སྐྱོད་ལ་བཀག་འགོག་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཚོའི་འགྲོ་སྐྱོད་ཐད་འདྲ་མཉམ་དང་དྲང་བདེན་ཡོང་དགོས་སྐོར་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བ་དང་། ཨེ་ཤ་ཡའི་ཆུ་བོ་མང་པོའི་མགོ་ཁུངས་ཡིན་པའི་བོད་མཐོ་སྒང་གི་ཁོར་ཡུག་དང་གཙང་བོ་ཁག་སྲུང་སྐྱོབ་བྱེད་ཀྱི་མེད་པ་དང་། ཨ་རིའི་གཞུང་གིས་བོད་ཀྱི་ཁོར་ཡུག་དང་དཔལ་འབྱོར་ཡར་རྒྱས། གཞིས་བྱེས་བོད་མིའི་འཚོ་བའི་གནས་སྟངས་གོང་མཐོར་གཏོང་ཆེད་མུ་མཐུད་ཕྱག་ལས་གནང་རྒྱུ་ཡིན་པ་དང་། ཨ་རིའི་གཞུང་ཚབ་མི་སྣ་དང་ལས་བྱེད་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་སྐྱོད་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཡོད་པ་མ་ཟད། ཨ་རིའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འཐོབ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨ་རིའི་ངོས་ནས་མུ་མཐུད་ཨ་རིའི་མི་སེར་ཚོ་རང་དབང་གི་སྒོ་ནས་བོད་ནང་བསྐྱོད་ཐུབ་པའི་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་དེ་རིང་ཕྱི་ཚེས་ ༨ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཀྲུའོ་ལི་ཅན་ཟེར་བས། རྒྱ་ནག་གཞུང་ནས་བོད་ནང་ཨ་རིའི་མི་སེར་དང་གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་དུ་འཇུག་གི་མེད་སྐོར་བརྗོད་དེ། བོད་དོན་སྐོར་ལ་ཆེད་དམིགས་བྱ་སྤྱོད་སྤེལ་མཁན་ཚོ་རྒྱ་ནག་ནང་ཡོང་རྒྱུར་ཐོངས་མཆན་དམ་དྲག་བྱ་རྒྱུ་ཡིན་པ་དང་། ཨ་རིའི་ཕྱོགས་ནས་ཡང་དང་བསྐྱར་དུ་བོད་དོན་དང་འབྲེལ་བའི་ལམ་ཁ་ནོར་འཁྲུལ་ཅན་ལ་ཕྱོགས་རྒྱུ་མཚམས་འཇོག་བྱས་ན་ཡག་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་སུ་གཅིག་ལ་བོད་དོན་དང་འབྲེལ་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་བཅུག་གི་མིན་སྐོར་སོགས་བརྗོད་འདུག

གཞན་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གསུང་བཤད་དང་འབྲེལ་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མྰ་ཊེའོ་མེ་ཁ་སེ་(Matteo Mecacci)ལགས་ཀྱིས། བོད་ནང་འགྲོ་སྐྱོད་ཐད་དམ་དྲགས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་དང་འབྲེལ་ཏེ། ཨ་རིས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རྒྱལ་སྤྱིའི་མི་མང་བོད་ནང་དུ་འགྲོ་མ་བཅུག་པར། བོད་དེ་མུ་མཐུད་ཁེར་རྐྱང་དང་ཟུར་ཕུད་བྱས་པའི་མཇུག་འབྲས་ཡིན་པ་གསལ་རྟོགས་བྱེད་བཅུག་ཡོད་པ་དང་། ཨ་རིའི་མི་སེར་ཚོས་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཡིན་པའི་བོད་མི་སྟོང་ཕྲག་མང་པོ་ཚུད་པའི་མི་སེར་རྣམས་ལ་དབྱེ་འབྱེད་ཀྱི་ཁ་གཏད་གཅོག་རྒྱུ་ཡིན་པ་ཤེས་སུ་འཇུག་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་ལ་གནོན་ཤུགས་དེ་འདྲ་སྤྲོད་དགོས་པའི་དུས་ལ་བབ་ཡོད་སྐོར་གསུངས་འདུག

ཨ་རིའི་བོད་ནང་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་དེ་ཕྱི་ལོ་ ༢༠༡༨ ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་སྔ་གཞུག་ཏུ་རྒྱབ་སྐྱོར་ཐོབ་སྟེ།  ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབ་གནང་ཡོད་པ་དང་། ཁྲིམས་དེའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་བོད་ནང་ཨ་རིའི་མི་སེར་གཙོའི་ཕྱིའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་དང་ཆེད་མཁས་པ། གསར་འགོད་པ་སོགས་འདྲ་མཉམ་དང་རང་དབང་གིས་གཏོང་གི་མེད་པ་དེར་ཡ་ལན་ལྟ་བུ་ཆགས་ཡོད་པ་དང་། སྔར་ལོ་ཊོམ་ཕུ་གཞུང་གིས་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ནང་ཨ་རིའི་བོད་དོན་ཆེད་ཕྱག་ལས་ག་རེ་གནང་ཡོད་པའི་སྐོར་གྱི་སྙན་ཐོ་ཞིག་ཨ་རིའི་གྲོས་སུ་ཕུལ་ཡོད་པ་དང་། སྙན་ཐོའི་གྲུབ་དོན་ནང་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་ནག་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བར་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་འབྲེལ་ལམ་བྱུང་མེད་ཀྱང་། ཨ་རིའི་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱའི་བར་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་མུ་མཐུད་འབད་བརྩོན་གནང་བཞིན་ཡོད་སྐོར་གསལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༨

Leave a Reply