ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་།

ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཧྥི་ཌི་ལིམ་ལགས་ཀྱིས་སྣེ་འཁྲིད་པའི་གྲོས་ཚོགས་འཐུས་མི་ ༤༦ གིས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་འདུག ཐའེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། དེ་རིང་ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུའི་ཐོག ཐའེ་ཝན་གྲོས་ཚོགས་འཐུས་མི་ ༤༦ གིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་བའི་མཛད་སྒོ་ཚོགས་ཡོད་པ་དང་། ཚོགས་པ་དེས་མ་འོངས་པར་ཐའེ་ཝན་ནང་གི་བོད་མི་ཚོའི་འཚོ་བའི་གནད་དོན་དང་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུ་དང་། དེ་བཞིན་ཧིན་རྡུ་རྒྱ་མཚོའི་ཁུལ་གྱི་ཐའེ་ཝན་གྱི་ཤུགས་རྐྱེན་གོང་མཐོར་གཏོང་རྒྱུ་དང་། ཐའེ་ཝན་གྱི་དམངས་གཙོའི་རིན་ཐང་གསལ་སྟོན་བྱེད་པར་ཤུགས་སྣོན་རྒྱག་འཆར་ཡོད་འདུག

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་སྣེ་འཁྲིད་པ་གཙོ་བོ་ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་ཌི་ལིམ་ (Freddy Lim) ལགས་ཀྱིས། ཐའེ་ཝན་གྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཁ་གཏད་བཅག་སྟེ། སོ་སོའི་དམངས་གཙོ་དང་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་རྒྱུན་སྐྱོང་བྱེད་དགོས་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་མུ་མཐུད་འཛམ་གླིང་ཡུལ་ལུང་ཁག་ཏུ་ཡོད་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐབ་ཐང་། དམངས་གཙོ་བཅས་ལ་དོ་འཁུར་གནང་བར་སྐུལ་འདེད་གཏོང་གི་ཡིན། ཞེས་གསུངས་འདུག

ཡང་ཁོང་གིས། ཐའེ་ཝན་གྱིས་བློ་རྒྱ་ཡངས་པོའི་ཐོག་ནས་སོ་སོའི་དགོས་འདོད་མངོན་པར་བྱེད་དགོས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྟབས་བདེ་ཡིན་ན་ཐའེ་ཝན་གྱིས་ག་དུས་ཡིན་ནའང་དགའ་བསུ་ཞུ་ཡི་ཡོད་པས། ཁོང་གང་མགྱོགས་ཐའེ་ཝན་ནང་ཕེབས་ཐུབ་པའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་འདུགམཛད་སྒོའི་ཐོག་ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱེད་ཀྱི་ཡོད་པ་དེ་ནི། འདས་པའི་དུས་སུ་བོད་ལ་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ ལྟར་ཡིག་འབྲུ་ཙམ་ལས་བཟང་ཕྱོགས་ནས་ལག་བསྟར་དོན་འབྲས་ཀྱིས་དབེན་པ་ཞིག་ཡིན་སྐོར་དང་། རྒྱ་ནག་གིས་བོད་དང་ཧོང་ཀོང་། ཐའེ་ཝན་བཅས་ཚང་མར་གཅིག་མཚུངས་ཀྱི་དྲག་པོའི་དབང་ཤུགས་བཀོལ་བཞིན་ཡོད་པ་དང་། གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་གི་བཙན་གནོན་བྱེད་བཞིན་པའི་དུས་སྐབས་འདི་འདྲ་ཞིག་ལ། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་དེ་ནི་ཧ་ཅང་གནས་དུས་དང་འཚམ་པ་ཞིག་ཡིན་སྐོར་དང་། ༧གོང་ས་མཆོག་ཐའེ་ཝན་ནང་ཕེབས་ཐུབ་པའི་རེ་བ་ཞུ་ཡི་ཡོད་ཀྱང་། རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲད་ན་ཨུ་ཚུགས་རྒྱག་རྒྱུ་མིན་སྐོར་ཡང་བརྗོད་འདུག

བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བཙན་བྱོལ་བོད་མིའི་མི་རབས་གཉིས་པའི་ནང་རྒྱ་ཡིག་རྒྱ་སྐད་ཤེས་མཁན་མང་པོ་མེད་སྟབས། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་མ་འོངས་པར་བཙན་བྱོལ་ནང་གི་སློབ་མ་ཚོར་ཐའེ་ཝན་ནང་སློབ་སྦྱོང་གི་གོ་སྐབས་རག་ཐབས་ལ་རོགས་རམ་གནང་དགོས་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཐའེ་ཝན་གྱི་དད་ལྡན་དོན་གཉེར་བ་མང་པོས་དྲ་ལམ་བརྒྱུད་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་པ་དང་བསྟུན། ༧གོང་ས་མཆོག་ཐའེ་ཝན་ནང་ཕེབས་རྒྱུའི་གསོལ་འདེབས་ཞུས་ཡོད་པ་དང་། ༧གོང་ས་མཆོག་ནས་ཀྱང་ཐའེ་ཝན་གྱི་དད་ལྡན་དོན་གཉེར་ཅན་རྣམས་ལ་ཆོས་འབྲེལ་གནང་བའི་ཐུགས་རེ་ཡོད་སྐོར་གསུངས་ཡོད་པ་ལྟར། ཕྱི་ཚེས་ ༦ ཉིན་ཐའེ་ཝན་གཞུང་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མ་འོངས་པར་ཐའེ་ཝན་ནང་ཆིབས་བསྒྱུར་གནང་བའི་སྙན་ཞུ་འབྱོར་བ་ཡིན་ན། ཕྱོགས་གཉིས་ཀར་སྟབས་བདེ་ཡིན་པའི་དུས་སྐབས་ཤིག་ལ་ཕེབས་བསུ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༨

Leave a Reply