རྒྱ་གར་གྱིས་ངེས་པར་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས།

ཧིན་རྡུ་སི་ཐན་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ།

བློ་རྒྱལ་གྱིས་བསྒྱུར།

རེས་གཟའ་ཟླ་བའི་ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༥ལ་ཕེབས་པའི་སྐུའི་འཁུངས་སྐར་སྲུང་བརྩི་ཞུས་ཤིང་། ཁོང་རྒྱ་གར་ནང་མི་ལོ་ ༦༡ བཞུགས་པའི་རིང་དེར་རྒྱ་གར་གྱི་རྩ་ཆེའི་མགྲོན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཁོང་གིས་རྒྱ་གར་གྱི་མངོན་མེད་ཤུལ་བཞག་གི་རིག་གནས་དང་མཐོང་ཆོས་སུ་ཡོད་པའི་རིག་གཞུང་བཟང་པོ་དེ་དག་བརྒྱུད་ནས་རྒྱ་གར་གྱི་མང་ཚོགས་ལ་བླ་ན་མེད་པའི་རིན་ཐང་སྦྱིན་ཡོད་པ་རེད། ད་དུང་ཁོང་གི་མཛད་རྗེས་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་རྒྱ་གར་གྱི་ཞི་འཇམ་སྟོབས་ཤུགས་དང་མཚན་སྙན་ཡོངས་སུ་གྲགས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བཙན་གནོན་འོག་གནས་པའི་སྤྱི་ཚོགས་ཤིག་གི་མཚོན་རྟགས་ངོ་མ་དེ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་ཏེ་ཁོང་གཞན་ཡུལ་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། ལྷག་པར་དུ་ཁོང་ནི་གྷན་དྷིའི་རླབས་ཆེན་གྱི་འཚེ་མེད་ཞི་བའི་སྲོལ་རྒྱུན་གྱི་ངོ་ཚབ་དེ་ཡང་ཡིན་པ་མ་ཟད། ཁོང་གི་ཆོས་ཕྱོགས་ལམ་སྟོན་དང་ནང་བསམ་བློའི་ཡོན་ཏན་ལ་བརྟེན་ནས་གང་ཉིད་ཀྱི་ཉེ་འཁོར་ཙམ་མིན་པར་ཕྱི་རྒྱལ་གྱི་མི་མང་སྟོང་ཕྲག་མང་པོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། མདོར་ན་ཁོང་ནི་རྒྱ་གར་ནས་དར་བའི་ནང་པའི་གཞུང་ལུགས་དང་དུས་རབས་མང་པོའི་རིང་ལ་རྒྱ་གར་གྱི་ཁྱིམ་མཚེས་རང་དབང་ལྡན་པའི་བོད་བཅས་ཀྱི་ཚེ་སྲོག་ཀྱང་ཡིན།

འོན་ཀྱང་། ཕྱོགས་གཞན་ཞིག་ནས་ས་ཁམས་ཆབ་སྲིད་ཀྱི་རྐྱེན་གྱིས། རྒྱ་གར་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོར་སྣེ་ལེན་ཞུ་ཕྱོགས་ཐད་ཡང་ནས་ཡང་དུ་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ཡང་གཅིག་མཚུངས་ཀྱི་བདེན་པ་རེད། སྐབས་རེར་རྒྱ་ནག་ལ་ཕོག་ཐུག་འགྲོ་བའི་འཇིགས་སྣང་གི་དབང་གིས་རྒྱ་གར་གཞུང་གིས་བོད་འབྲེལ་སྲིད་བྱུས་ལ་འགྱུར་བ་མ་བཏང་ཐབས་མེད་ཆགས་ཀྱི་ཡོད།  རྒྱ་གར་གྱིས་བོད་དེ་རྒྱ་ནག་གིས་མིང་ཙམ་གྱི་དབང་སྒྱུར་འོག་ཡོད་པའི་ངོས་འཛིན་བྱས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྣེ་ལེན་ཞུས་པ་དང་མཚུངས། ཨ་རིར་མཉམ་འབྲེལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པར་སྐུལ་བ། ལྷག་པར་དུ་བོད་དེ་དགོས་དབང་གིས་བཀོལ་སྤྱོད་བྱས་ཏེ་བོད་མིའི་དབུ་ཁྲིད་ལྷན་དུ་ཐུག་འཕྲད་བྱེད་རྒྱུ་ངོས་ལེན་མི་བྱེད་པ་སོགས་ནི་རྒྱ་གར་གྱིས་བོད་འབྲེལ་སྲིད་བྱུས་དེ་ཡུན་རིང་ཞིག་ལ་ཕྱོགས་གང་གི་ཆ་ནས་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་ཡོད་པ་གསལ་པོ་རེད།

ད་རྒྱ་གར་གྱི་ངོས་ནས་བོད་དོན་ཐོག་འོས་ཤིང་འཚམ་པའི་སྲིད་བྱུས་ཤིག་འཛིན་པའི་དུས་ལ་བབ་ཡོད་པ་དང་། རྒྱ་ནག་གིས་བོད་དེ་གལ་འགངས་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་པར་རྒྱ་གར་གྱིས་བརྩི་མཐོང་ཞུས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་གལ་འགངས་ཆེ་བའི་གནད་དོན་དང་ས་ཁུལ་གྱི་མངའ་ཁོངས་བཅས་ལ་ཐེ་ཚོམ་མེད་པར་བཙན་རྒོལ་བྱས་པ་མངོན་གསལ་དུ་གྱུར་ཡོད། ད་ཆ་ལྡི་ལིའི་ངོས་ནས་རང་ཉིད་ཀྱི་ཐེ་ཚོམ་གྱི་བློ་དེ་འདོར་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། བོད་དེ་དགོས་དབང་གིས་བཀོལ་སྤྱོད་བྱས་པ་ཙམ་མིན་པར་རྒྱ་གར་གྱིས་འཆར་སྣང་གཞིར་བཟུང་རང་ཉིད་ལ་དབང་བའི་གཙོ་གལ་ཆེ་བའི་ཞི་བདེ་དང་རང་དབང་གིས་རིན་ཐང་གཉིས་ཕན་ཚུན་ཟུང་འབྲེལ་གྱིས་རྒྱ་ནག་ལ་གདོང་ལེན་བྱེད་དགོས།

ལྡི་ལི་གཞུང་ནས་གཤམ་གསལ་གོམ་སྟབས་རྣམས་ངེས་པར་དུ་སྤོ་དགོས།

༡༽ ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་ར་ཏ་ན (Bharath Rathna) འབུལ་དགོས་པ།

༢༽ རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་བོད་ཀྱི་གནད་དོན་གླེང་དགོས།

༣༽ བོད་དོན་ལས་འགུལ་བ་མི་རབས་གསར་པ་ཚོའི་ལྷན་དུ་འབྲེལ་བ་ཟབ་ཏུ་གཏོང་དགོས།

༤༽ བོད་ཀྱི་ཆོས་བརྒྱུད་ཁག་དང་ལྷག་པར་དུ་རྒྱ་གར་གྱི་དཔོན་རིགས་འཐབ་རའི་ནང་དུ་ཚུད་པ་རྣམས་དང་ལྷན་དུ་འབྲེལ་བ་བསྐྱར་གསོ་བྱེད་དགོས་ལ། ད་དུང་དེ་ལས་གལ་འགག་ཆེ་ཤོས་ཤིག་སྟེ། རྒྱ་གར་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་གང་ཉིད་ཀྱི་ཐུགས་དགོངས་ལྟར་ངོས་འཛིན་བྱས་པའི་༧སྐུའི་ཡང་སྲིད་ལ་བརྩི་བཀུར་ཞུ་རྒྱུ་དང་། རྒྱ་ནག་གཞུང་ལ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་སྐུའི་ཡང་སྲིད་གཞན་ཞིག་བསྐོ་བཞག་བྱ་རྒྱུའི་དགོས་དབང་མེད་པ་ཁ་གསལ་བཟོ་དགོས།

མདོར་ན་རྒྱ་ནག་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ཁ་གཏད་དུ་ལངས་པར་ངེས་པར་དུ་བོད་ཀྱི་རྩ་དོན་ནས་འགོ་འཛུགས་དགོས་ལ། བོད་དེ་བཙན་རྒྱལ་རྒྱ་ནག་གི་མངོན་འདོད་གཞིར་བཟུང་དབང་བསྒྱུར་བྱེད་ཡུལ་ཐོག་མ་དེ་ཆགས་ཡོད་པ་རེད།

མ་ཡིག་གི་འབྲེལ་ཐག https://www.hindustantimes.com/editorials/india-must-stand-up-for-tibet-ht-editorial/story-WpA38xTQljcUKpLB6bBRAO.html?fbclid=IwAR3_jaZKRP79WtvaNmFAfEbQqLI0GXrkNMispzi

བསྐྱར་བཅོས།: ༢༠༢༠/༠༧/༠༩

Leave a Reply